དམངས་གཙོའམ་མང་གཙོ།

༄༅། །བླ་མ་དང་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ།། ནུབ་ཕྱོགས་པའི་སྲིད་ཀྱི་ལམ་སྲོལ་ཁྱད་པར་བ་ཞིག་གི་མིང་༼ཌེམོཀྲེསིའ་༽ཞེས་པའི་སྐད་དོད་བོད་སྐད་དུ་དེང་སྐབས་”དམངས་གཙོ་” ཞེས་པའི་བྲིས་སྲོལ་ཁྱབ་བརྡལ་དུ་འདུག་པ་འདི་མ་དག་རྒྱུན་འབྱམས་སུ་སྣང༌།

ངེས་ཚིག་ལྟར་ན། ༡ གི་རིག་སྐད་ཀྱི་༼ཌེམོ་༽ཞེས་པ་མི་མང་དང་༼ཀྲེསཱི་༽ཞེས་པ་དབང་བསྒྱུར་གྱི་དོན་དུ་བཤད་འདུག་པས་༼མི་མང་སྲིད་དབང་༽ངམ་༼མི་མང་དབང་བསྒྱུར་༽ཞེས་བསྒྱུར་དགོས་རྒྱུར་སྣང་ཞིང༌། ༼ཌེམོཀྲེསིའ་༽ཕྱིས་སུ་མི་མང་ནང་ནས་མང་ཕྱོགས་ཀྱིས་ (Majority) ཐག་གཅོད་བྱས་པའི་སྲིད་སྲོལ་ལའང་གོ་བར་འདུག་པས་༼མང་གཙོ་༽ཞེས་པ་དོན་དང་མི་འགལ། ༼དམངས་གཙོ་༽ ཞེས་པ་ནི། ༼ཌེམོཀྲེསཱི་༽ཞེས་པའི་ཚིག་དོན་ཇི་བཞིན་སྟོན་ནུས་པར་མ་མཐོང་ངོ༌།།

མང་ཚོགས་ཀྱིས་དབང་བའི་སྲིད་ལུགས་ནུབ་གླིང་དུ་མ་བྱུང་བའི་ཆེས་སྔོན་ནས་རྒྱ་གར་དུ་བྱུང་ཟིན་ཅིང༌། རྣམ་འདྲེན་བཞི་པ་བྱོན་པའི་དུས་སུའང་ཡངས་པ་ཅན་སོགས་ཡུལ་དུ་མ་ཚོགས་ཀྱིས་དབང་བ་ཡིན། ཚོགས་ཀྱིས་དབང་བའི་སྲིད་ལུགས་ཀྱི་མིང་ལ་ལེགས་སྦྱར་དུ། ༼གཎརཱཇ྄ཡ་༽ཞེས་པ་ལོ་ཙཱ་བ་རྣམས་ཀྱིས་༼ཚོགས་ཀྱིས་དབང་བ་༽༢ ཞེས་བསྒྱུར་བ་ཧ་ཅང་འགྱུར་བཟང༌། གཞན་ཡང་ནང་པའི་ལྟ་ཚུལ་གྱི་སྔོན་རབས་སུ་ཐོག་མའི་རྒྱལ་པོ་མང་ཚོགས་ཀྱིས་བདམས་པ་དེར་༼མང་པོས་བཀུར་བ་༽ཞེས་འབོད་པའང་ཚིག་སྦྱོར་བཟང༌།

དེང་རབས་ཚོགས་ཀྱིས་དབང་བའི་སྲིད་ལུགས་འདི་ནུབ་གླིང་ནས་དར་བ་ཡིན་སྟབས། དེའི་ཐ་སྙད་ཀྱང་༼ཌེམོཀྲེསཱི་༽ནས་བསྒྱུར་བ་སྨོས་མ་དགོས། ཅི་སྟེ་དབྱིན་བོད་གཉིས་ཀར་མཁས་པ་ཞིག་གིས་དབྱིན་སྐད་ནས་ཐད་བསྒྱུར་བྱས་ཡོད་ན། ༼ཌེམོཀྲེསཱི་༽ལ་སྔོན་གྱི་ཚིག་༼ཚོགས་ཀྱིས་དབང་བའམ་༽ཡང་ན་༼མི་ཚོགས་ཀྱི་སྲིད་དབང་༽ལྟ་བུ་ཞིག་ཏུ་བསྒྱུར་ཡོད་པ་ངེས་ཀྱང༌། སྟབས་ཉེས་པ་ཞིག་ལ་ང་ཚོར་རྒྱ་སྐད་ནས་དམར་ལུགས་ཀྱི་འདོད་ཚུལ་ལྟར་བསྒྱུར་བའོ།། ༼དམངས་གཙོ་༽ཞེས་པའི་ཚིག་ནི་རྒྱ་དམར་གྱིས་བོད་དུ་བཙན་འཛུལ་རྗེས་སྐད་ཡིག་གི་བཙན་གནོན་གྱི་ཆ་ཤས་སུ་བྱུང་བ་ད་ལྟའི་བར་བོད་མིའི་ངག་རྒྱུན་ལ་སྣང་མེད་དུ་འབྱར་བ་ཞིག་ཡིན་པ་ངོས་ཟིན་དགོས། ཐོག་མའི་ཡིག་ཆ་འགའ་རེའི་ནང་༼འབངས་གཙོ་༽དང༌། ༼མི་སེར་དབང་གཙོ་༽ ༼མི་སེར་རྒྱལ་ཁབ་༽སོགས་ཀྱི་ཚིག་སྦྱོར་ཐར་ཐོར་བྱུང་སྣང་བའང་༼དམངས་གཙོ་༽ཞེས་པ་ལས་བཟང་བར་འདུག་མོད། དེང་སྐབས་ཕལ་ཆེར་ཡལ་ཟིན་འདུག ལར་ནས་ཐ་སྙད་འདི་དག་རྒྱལ་འབངས་གཉིས་སུ་ཕྱེ་བ་དང༌། མངའ་བདག་དང་མི་སེར་གཉིས་སུ་ཕྱེ་བའི་བསམ་ཚུལ་གྱི་གཞི་ལས་བྱུང་སྣང་བས་ ༼ཌེམོཀྲེསཱི་༽ཞེས་པའི་དོན་ལེགས་པར་མཚོན་མི་ནུས་པར་སྣང༌།

ཁུངས་ལྡན་བོད་སྐད་དུ་༼དམངས་༽དང་༼མང༌།༽ ༼མི་དམངས་༽དང་༼མི་མང་༽བཅས་ཀྱི་ཚིག་རྣམས་ཀྱི་བརྗོད་དོན་གཏན་ནས་མི་གཅིག ༼མང་༽ཞེས་པ་གྲངས་ཀྱི་གསལ་བྱེད་དང༌། ༼དམངས་༽ཞེས་པ་རིགས་སམ་གྲལ་རིམ་གྱི་གསལ་བྱེད་ཡིན། ཀླུ་སྒྲུབ་ཀྱི་རིན་ཕྲེང་ཅོག་རོའི་འགྱུར་ལས། ༣ ལེགས་སྦྱར་གྱི་༼བྷ྄རྀཏ྄ཡ་༽ཞེས་པ་བྲན་ནམ་འཁོལ་པོའི་སྐད་དོད་ལ་བོད་སྐད་དུ་༼དམངས་༽ཞཻས་བསྒྱུར་བ་དང༌། དེ་མཚུངས་ཞི་བ་ལྷའི་སྤྱོད་འཇུག་ཀ་བ་དཔལ་བརྩེགས་ཀྱི་འགྱུར་ལས་ཀྱང་༤ ༼བྷ྄རྀཏ྄ཡ་༽སྐད་དོད་དུ་༼དམངས་༽ ཞེས་བསྒྱུར་ཡོད། དེ་བཞིན་ཞ་ལུ་ལོ་ཙཱ་བས་མཛད་པའི་དག་ཡིག་ཟ་མ་ཏོག་ལས་༥ ༼དམངས་རིགས་༽༼ཤུདྲ་༽ཞེས་རིགས་བཞིའི་ནང་གི་ཐ་མ་ལ་བཤད་པ་དང༌། དེ་བཞིན་དཔལ་ཁང་ལོ་ཙཱ་བའི་དག་ཡིག་ངག་སྒྲོན་དུའང་༦ གོང་དང་མཐུན་པར་གསུངས་ཤིང༌། ཕྱིས་ཀྱི་བྱསརཏ྄ཅན྄དྲདཱས་ཀྱིས་བརྩམས་པའི་དབྱིན་བོད་ཚིག་མཛོད་དུ་༧ ༼དམངས་༽ཞེས་པ་ཕལ་པ་དང་རིགས་དམའ་བར་བཤད་ཅིང༌། ཧ་ཨ་ཇེ་སི་ཀེས་ (H.A. Jasehke) བརྩམས་པའི་བོད་དབྱིན་ཚིག་མཛོད་དུ།༨ ༼དམངས་༽ཞེས་པ་མི་ཕལ་པ་དང༌། རྒྱ་གར་ལ་སྦྱར་ན་རིགས་བཞིའི་ཐ་མར་བཤད། ༼ལོཀེཤཅན྄དྲ་༽བོད་དང་ལེགས་སྦྱར་གྱི་ཚིག་མཛོད་དུའང་༩ ༼དམངས་༽ཞེས་པ་བྲན་དང་གདོལ་པར་བཤད་པ་འདི་དག་ནི་མཚོན་པ་ཙམ་དྲངས་པ་སྟེ་བོད་ཀྱི་གནའ་གཞུང་གང་དུའང་༼དམངས་༽ཞེས་པ་བྲན་ཁོལ་དང༌། གདོལ་པ། ཕལ་པ་བཅས་ཀྱི་དོན་ལས། “མི་མང་”ངམ་༼མང་ཚོགས་༽གོ་བྱེད་དུ་སྦྱར་བ་གཅིག་ཀྱང་མེད། རྒྱུན་ལྡན་སྨྲ་བརྗོད་དུའང་༼དམངས་རྩམ་༽དང༌། ༼དམངས་ཆང༌།༽ ༼དམངས་གཞས་༽སོགས་མི་ཕལ་པའམ་གྲལ་རིམ་ཕལ་པ་ཞིག་གི་ཆེད་གོ་བ་ཡོངས་གྲགས་སུ་འདུག

༼ཌེམོཀྲེསིའ་༽ཞེས་པའི་མིང་ཚིག་གང་ནས་བྱུང་བའི་ནུབ་གླིང་པ་རྣམས་ཀྱི་འདོད་པ་ལྟར་ན། སྲིད་ལུགས་འདིའི་ནང་ལོ་ཚད་མ་ལོན་པ་དང་ཁྲིམས་ཐོག་ནས་དམིགས་ཀྱིས་བསལ་བ་ཕུད། དེ་མིན་མི་མང་ཡོངས་རྫོགས་འདྲ་མཉམ་གྱི་སྲིད་དབང་གི་ཐོབ་ཐང་ཡོད་པ་དང༌། ཐག་གཅོད་མང་མོས་ལྟར་བྱས་པ་གཉིས་ཀ་དགོས་པ་ལས་གྲལ་རིམ་ཁྱད་པར་བ་ཞིག་གི་དབང་བསྒྱུར་བྱེད་པའི་སྲིད་ལུགས་ལ་ནམ་ཡང་༼ཌེམོཀྲེསིའ་༽ཡིན་པར་མི་འདོད། དེས་ན་མིང་ཚིག་འདིའི་སྐད་དོད་ལ་ངེས་པར་མི་མང་མཚོན་པའི་ཐ་སྙད་ཅིག་དགོས་ཀྱི་གྲལ་རིམ་བྱེ་བྲག་པ་མཚོན་པའི་ཐ་སྙད་ཀྱིས་སྐད་དོད་མི་ཐུབ་བོ།།

རྒྱ་གར་གྱི་ཡུལ་སྐད་དུ་འདི་ལ་ ༼པྲཇཱཏན྄ཏྲ་༽ཞེས་བསྒྱུར་བ་དེའི་དོན་བོད་སྐད་དུ་༼སྐྱེ་རྒུའི་རྒྱུད་༽ཅེས་པར་འགྱུར་ཞིང༌། སྐྱེ་རྒུ་ཞེས་པ་མི་མང་ཡོངས་རྫོགས་ལ་གོ་ཡི་གྲལ་རིམ་བྱེ་བྲག་པའི་དོན་ལ་མི་འཇུག ས་སྙིང་འཁོར་ལོ་བཅུ་པའི་མདོ་ལས་ནི། ༡༠ ༼སྐྱེ་རྒུ་༽ཞེས་པ་སྣོད་བཅུད་གཉིས་ཀར་འཇུག་པར་གསུངས་ཤིང༌། སྤྱིར་ཡང་༼སྐྱེ་རྒུ་༽ཞེས་བྲིས་ན། ༼རྒུ་༽ཞེས་པ་མཐའ་དག་གི་དོན་སྟེ། སྐྱེ་བ་བླངས་ཚད་ལ་གོ་ཞིང༌། ༼སྐྱེ་དགུ་༽ཞེས་བྲིས་ནའང་ཁམས་གསུམ་ཕན་ཚུན་དུ་སྐྱེ་བ་བགྲང་བས་དགུར་འགྱུར་བའི་ཕྱིར་དེ་ཡང་སྐྱེ་ཚད་ཀུན་ལ་གོ་བ་ཉིད་ལས་མ་འདས། སྐབས་འདིའི་ བྱརྒྱུད་བྱ ཅེས་པ་ལམ་སྲོལ་ལ་གོ་དགོས། དེ་བཞིན་༼ལོཀཏན྄ཏྲ་༽ཞེས་པ་དང་ ༼ཇནཏན྄ཏྲ་༽ཞེས་པའི་ཚིག་སྦྱོར་ཡང་༼ལོཀ་༽ཞེས་པ་འཇིག་རྟེན་ནམ་མི་ཚོགས་༼ཇན་༽ཞེས་པའང་སྐྱེ་བོ་ལ་འཇུག་པས་གོང་དང་དོན་མཚུངས་སོ།།

ནུབ་ཕྱོགས་པའི་འདོད་པ་ལྟར་གྱི་༼ཌེམོཀྲེསིའ་༽ཞེས་པའི་ལམ་སྲོལ་ལ་གྲལ་རིམ་གྱི་དབྱེ་བ་མེད་པར་མི་མང་ཡོངས་ལ་འདྲ་མཉམ་གྱི་དབང་ཤུགས་དགོས་པ་ནི་ཆེས་ཡོངས་སུ་གྲགས་པས་ཁུངས་ལུང་འདྲེན་པའི་ངལ་བ་མ་དགོས་མོད། མཚོན་པ་ཙམ་དུ། ར་ག་གེཊེལ་གྱིས་བརྩམས་པའི་༼སྲིད་དོན་ཚན་རིག་༽༡༡ ནས་ཅུང་ཞིག་དྲང་ན་༼ཌེམོཀྲེསཱི་༽ཞེས་པ་ནི་༼སྲིད་ཀྱི་ལམ་སྲོལ་གང་དུ་མི་མང་ཡོངས་རྫོགས་ལ་རང་དབང་གི་ནུས་ཤུགས་མཉམ་སྤྱོད་བྱེད་པའི་ཐོབ་ཐང་ཡོད་པ་དང༌། གྲལ་རིམ་ཁྱད་པར་བ་འགའ་ལ་དམིགས་བསལ་སྲིད་དོན་གྱི་ཐོབ་ཐང་ཡོད་པའམ། སྲིད་དབང་སྒེར་འཛིན་གྱི་བསམ་ཚུལ་ལ་དགག་བྱ་དང༌། སྲིད་དོན་གྱི་འདྲ་མཉམ་ཡོད་པ་གཞིར་བཞག་གིས་སྤྱི་ཡོངས་མང་ཚོགས་ཀྱི་བསམ་ཚུལ་དང་མཐུན་པར་མང་མོས་ཐག་གཅོད་དང༌། ཁྲིམས་ཀྱི་ལམ་སྲོལ་གྱིས་དབང་བསྒྱུར་བྱས་པ་ཞིག་ལ་ཟེར། ལམ་སྲོལ་འདིས་མང་ཚོགས་ལ་རང་ཉིད་རང་སྐྱོང་གི་ནུས་པ་ཡོད་པར་ཡིད་ཆེས་བྱེད།༽ཅེས་གསལ་བ་འདི་སྲིད་དོན་ཚན་རིག་གི་གཞུང་ལུགས་གསར་རྙིང་ཀུན་དང་མཐུན་པར་སྣང༌།

དགེ་འདུན་ཆོས་འཕེལ་གྱི་སྙན་རྩོམ་ཐོར་བུའི་ནང་༼རྒྱལ་ཁམས་བསྐོར་བའི་སྣང་ཚུལ་༽༡༢ ཞེས་པར་ཡང༌།

ཞིང་ཆེན་སོ་སོས་བདམས་པའི་འཐུས་མི་ལས།།

ཡིན་མིན་བརྟགས་པའི་ཚུལ་ཤིང་འགྲིམས་བྱས་ནས།།

གང་ཞིག་མང་པོའི་ཕྱོགས་སུ་ཐག་གཅོད་པ།།

དབྱིན་ཇི་གཞུང་དང་མེ་གོའི་སྲོལ་ལུགས་ཉིད།། ཅེས་༼མང་པོའི་ཕྱོགས་སུ་ཐག་གཅོད་པ་༽ཞེས་གསལ་བ་མ་ཟད། དེ་ཉིད་ཀྱི་༼གཏམ་རྒྱུད་གསེར་ཐང་༽ལས།༡༣ ༼ཡུལ་ཆེན་པོ་བདུན་ལ་ལྷག་པར་ཡུལ་མིའི་སྲིད་གཞུང་དེ་ཡང་ཚུགས་ཟིན་ཅིང་༽ཞེས་༼ཡུལ་མིའི་སྲིད་གཞུང་༽ཞེས་བཏགས་པ་ལས་༼དམངས་གཙོ་༽ཞེས་པའི་ཐ་སྙད་མ་མཛད་དོ།།

དམར་པོའི་རིང་ལུགས་པ་རྣམས་ཀྱི་ནི་༼ཌེམིཀྲེསཱི་༽ཞེས་པའི་ཐ་སྙད་འདྲ་ཡང༌། དེའི་གོ་དོན་ནུབ་ཕྱོགས་པ་གཞན་དང་གཏན་མི་འདྲ་བར་འཁྱོག་བཤད་བྱས་ཏེ་འབྱོར་མེད་གྲལ་རིམ་གྱིས་སྲིད་དབང་སྒེར་འཛིན་ལ་༼ཌེམོཀྲེསཱི་༽ཡིན་པའི་བཤད་པ་༼མར་ཁེ་སི་༽དང་ ༼ཨེན་ཀེ་སི་༽གཉིས་ཀའི་གཞུང་དུ་མདོར་ཙམ་གསལ་ཞིང༌། ཞིབ་རྒྱས་ཀྱི་བཤད་པ་རྒྱ་དམར་ཚོས་བྱས་འདུག་པ་དཔེར་ན། ཁོ་ཚོའི་སྲིད་དོན་ཚན་རིག་ལ་ཆེས་མཁས་པར་གྲགས་པ་ཏུང་པི་ཝུའུར་འབོད་པ་དེས། ཕྱི་ལོ་ ༡༩༤༨ ཕྱི་ཟླ་ ༡༠ ༡༠༤ ཚེས་ ༡༦ མི་དམངས་སྲིད་དབང་ཞིབ་འཇུག་ལྷན་ཚོགས་ཐོག་གི་གཏམ་བཤད་དུ།  ༡༤ ༼ང་ཚོའི་དམངས་གཙོ་རིང་ལུགས་གསར་པའི་རྒྱལ་ཁབ་ནང་མི་སུ་འདྲ་ཞིག་གིས་སྲིད་དབང་བཟུང་ཡོད་པ་དང༌། སྲིད་ཇུས་གང་འདྲ་ཞིག་ལག་ལེན་བསྟར་གྱི་ཡོད་ཟེར་ན། ཀྲུང་གོའི་གནས་ཚུལ་ལ་བལྟས་ན། འབྱོར་མེད་གྲལ་རིམ་གྱིས་འགོ་ཁྲིད་བྱེད་པ་དང་བཟོ་ཞིང་མནའ་འབྲེལ་གྱིས་རྨང་གཞི་བྱས་ཐོག་དམངས་གཙོའི་རྒྱལ་གཅེས་མི་སྣ་ཚུད་པའི་མི་དམངས་རྣམས་མཉམ་དུ་སྒྲིག་འཛུགས་བྱས་པའི་མི་དམངས་དམངས་གཙོའི་སྲིད་དབང་ཞིག་ཡིན་ཞེས་ང་ཚོས་ཚིག་ཐག་རྦད་དེ་བཅད་ནས་བཤད་ཆོག་པ་ཞིག་རེད། དེའི་ངོ་བོ་ནི། འབྱོར་མེད་གྲལ་རིམ་གྱིས་འགོ་ཁྲིད་བྱེད་པ་དང་བཟོ་ཞིང་མནའ་འབྲེལ་གྱིས་རྨང་གཞི་བྱས་པའི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་ཞིག་རེད། མི་མང་པོ་ཞིག་གིས་༼དམངས་གཙོ་༽དང༌། ༼སྲིད་དབང་སྒེར་འཛིན་༽ཞེས་པའི་མིང་ཚིག་གཉིས་པོ་དེ་དབྱེ་བ་གསལ་པོ་འབྱེད་ཐུབ་ཀྱི་ཡོད་པ་མ་རེད། ༼དམངས་གཙོ་༽སྤེལ་བ་ཡིན་ན། ༼སྲིད་དབང་སྒེར་འཛིན་༽བྱེད་མི་ཆོག་པ་དང༌། ༼སྲིད་དབང་སྒེར་འཛིན་༽བྱས་པ་ཡིན་ན། ༼དམངས་གཙོ་༽སྤེལ་མི་ཆོག་པའི་ལྟ་ཚུལ་འཛིན་གྱི་ཡོད་པ་རེད། ཁོ་ཚོའི་སྲིད་དབང་སྒེར་འཛིན་དང་དམངས་གཙོ་གཉིས་བར་གྱི་འབྲེལ་བ་མ་ཤེས་པར་དམངས་གཙོ་ལ་འགྱུར་བ་མེད་པའི་སྒོ་ནས་ངོས་འཛིན་བྱེད་ཀྱི་ཡོད་པ་སྲིད་དབང་སྒེར་འཛིན་ལ་ཡང་འགྱུར་བ་མེད་པའི་སྒོ་ནས་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།༽ཅེས་དང༌། ཡང་༼དམངས་གཙོ་རིང་ལུགས་གསར་པའི་སྲིད་དབང་ནི་འབྱོར་མེད་གྲལ་རིམ་གྱི་འགོ་ཁྲིད་འོག་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་ལག་བསྟར་བྱས་པའི་སྲིད་དབང་ཞིག་ཡིན། དེ་ནི་ཧ་ཅང་གསལ་པོ་ཞིག་རེད།༽ཅེས་ཤིན་ཏུ་གསལ་བར་བཤད་འདུག གཞན་ཡང་༼དག་ཡིག་གསར་སྒྲིག་༽༡༥ ཅེས་པ་ལས། ༼དམངས་༽མི་དམངས་ཏེ། དེ་ལ་རྒྱལ་ཁབ་མི་མཐུན་པ་དང༌། རྒྱལ་ཁབ་གཅིག་གི་ལོ་རྒྱུས་ཀྱི་དུས་སྐབས་མི་མཐུན་པར་ནང་དོན་མི་འདྲ་བ་ཡོད། རང་རེའི་རྒྱལ་ཁབ་ཏུ་ད་སྐབས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་སྐབས་འདིར། སྤྱི་ཚོགས་རིང་ལུགས་ལ་དགའ་ཞིང་བཀུར་གཟོ་བྱེད་མཁན་གྱི་གྲལ་རིམ་དང་རིམ་གྲས་སྤྱི་ཚོགས་ཀྱི་ཚོགས་པ་བཅས་ནི་མི་དམངས་ཀྱི་ཁོངས་སུ་གཏོགས་པ་ཡིན།

༼དམངས་གཙོ་༽ཀ མི་དམངས་རྒྱལ་ཁབ་བདག་གཉེར་བྱེད་པའི་དབང་ཆ་དང་རང་གི་བསམ་འཆར་བཤད་པའི་དབང་ཆ་ཡོད་པའི་དོན། དམངས་གཙོ་ནི་སྟེང་གི་བཀོད་པ་དང་ཆབ་སྲིད་ཀྱི་ཁོངས་གཏོགས་ཤིག་ཡིན། འཇིག་རྟེན་ན་དམངས་གཙོ་བྱེ་བྲག་པའམ་རང་མཚན་པ་ཞིག་ཡོད་པ་མ་གཏོགས། དམངས་གཙོ་སྤྱི་མཚན་པ་ཞིག་དང༌། གྲལ་རིམ་ལས་འདས་པའི་དམངས་གཙོ་ཞིག་མེད། འབྱོར་ལྡན་གྲལ་རིམ་གྱིས་དམངས་གཙོ་ཟེར་བ་དེ་ནི་མི་དམངས་མགོ་སྐོར་བྱེད་ཙམ་ཞིག་ཡིན་ཞིང༌། འབྱོར་མེད་གྲལ་རིམ་གྱི་སྲིད་དབང་སྒེར་འཛིན་འོག་མ་གཏོགས། མི་དམངས་མང་ཚོགས་རྒྱ་ཆེན་པོར་ཁྱབ་ཆེ་ཞིང༌། ཡང་དག་པའི་དམངས་གཙོ་སྤྱོད་མི་ཐུབ།

ཁ མང་ཚོགས་མང་ཆེ་བའི་བསམ་འཆར་ལྟར་དོན་ཐག་གཅོད་པའི་བྱ་བ་བྱེད་སྟངས་ཀྱི་མིང་སྟེ། སྤྱོད་སྟངས་དམངས་གཙོ་ཡིན་པ། དམངས་གཙོ་ཡོད་ལ། གཅིག་སྡུད་ཀྱང་ཡོད་ཅེས་པ་ལྟ་བུ་དང༌།བྱབྱ ཞེས་དང༌། ཡང་བོད་རྒྱ་ཚིག་མཛོད་ཆེན་མོ་ལས། ༡༦ ༼མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན། བཟོ་པ་གྲལ་རིམ་༼གུང་ཁྲན་ཏང་བརྒྱུད་༽ གྱིས་འགོ་ཁྲིད་བྱེད་ཅིང་བཟོ་ཞིང་མནའ་འབྲེལ་གྱིས་རྨང་གཞི་བྱེད་པའི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་ལ་ཟེར།༽ཞེས་སོགས་མང་དུ་བྱུང་ཞིང༌། འདི་དག་ཀྱང་མཚོན་པ་ཙམ་ལས་བགྲངས་ཀྱིས་མི་ལང་བའི་ལུང་ཁུངས་ཡོད་པ་དམར་ཕྱོགས་ཀྱི་གཞུང་ལུགས་ལ་གཟིགས་ན་གསལ།

རྒྱ་དམར་གྱིས་ནི། མི་མང་ལ་༼མི་དམངས་༽དང༌། མི་མང་འཐུས་མི་ལ་༼མི་དམངས་འཐུས་མི་༽ཞེས་གཅིག་གྱུར་བྱས་ཡོད་ཀྱང་བོད་མིས། ༼དམངས་གཙོ་༽རྐྱང་པ་ལས་མི་མང་དང་མི་མང་སྤྱི་འཐུས་ལ་རྒྱ་མིའི་ལད་མོ་བྱེད་མ་ནུས་པར་འདུག་སྟེ། རྒྱུ་མཚན་གང་ཡིན་མ་ཤེས། མ་འོངས་བོད་ཀྱི་རྩ་ཁྲིམས་ཀྱི་དཔར་སྔ་རྗེས་དང༌། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འོས་བསྡུའི་སྒྲིག་གཞི་གསར་རྙིང་སོགས་གཞུང་འབྲེལ་ཡིག་ཆ་དང༌། རང་དབང་སོགས་གསར་ཤོག་དང་དུས་དེབ་མང་ཆེ་བར་༼དམངས་གཙོ་༽མ་གཏོགས། མི་མང་དང༌། མི་མང་སྤྱི་འཐུས་བཅས་ལ། ༼དམངས་༽སྒྲའི་ཤན་ད་བར་མ་ཞུགས་འདུག་པ་སྟབས་ལེགས་སྙམ། འོན་ཀྱང་རིགས་པས་འཕུལ་ན། བྱདམངས་གཙོ་བྱ འཐད་ལ་བྱམི་དམངས་བྱ མི་འཐད་པའི་རྒྱུ་མཚན་ནི་ཚངས་པས་ཀྱང་བརྗོད་པར་དཀའ་འོ།།

གཞན་ཡང་ ༼ཌེམོཀྲེསཱི་༽རིང་ལུགས་སུ་ཚོགས་འདུའི་ལས་དོན་མང་མོས་ཀྱི་ཐག་གཅོད་བྱས་པའི་ཕྱིར་མང་བའི་ཕྱོགས་ཀྱི་དབང་ཆ་གཙོ་ཆེ་ཞེས་འདོད་དགོས་རྒྱུ་ལ། འཐུས་མི་བརྒྱ་ཡོད་པའི་ཚོགས་འདུ་ཞིག་ཏུ་འཐུས་མི་དྲུག་ཅུའི་མོས་འདུན་ལྟར་ཐག་གཅོད་བྱས་པའི་དོན་གནས་ཤིག་ལ་དྲུག་ཅུའི་གྲངས་བཞི་བཅུ་ལས་མང་བའི་རྒྱུ་མཚན་གྱིས་མང་གཙོའི་ཐག་གཅོད་ཡིན་པར་བཤད་དུ་ཡོད་མོད། ཁྱེད་ཀྱི་ལྟར་ན་༼དམངས་གཙོའི་༽ཐག་གཅོད་ཡིན་པས་དྲུག་ཅུ་དེ་དམངས་ཡིན་ལ་འཕྲོས་བཞི་བཅུ་དེ་དམངས་མ་ཡིན་པའི་རྒྱུ་མཚན་བཤད་དུ་ཡོད་ན་ཤོད་དགོས་པར་འདུག་གོ།

གལ་ཏེ་༼དམངས་༽ཞེས་པ་སྤྱིར་རིགས་བྱེ་བྲག་པའི་མིང་ལ་འཇུག་ནའང༌། བར་སྐབས་བེད་སྤྱོད་དབང་གིས་ བྱམང་བྱ ལའང་གོ་རུང་ཞིང༌། དམངས་གཙོ་ལ་གཏིང་ཚུགས་པའི་སྒྲར་གྱུར་ཟིན་པས་སྐྱོན་མེད་དོ་སྙམ་ནའང༌། མི་རིགས་ཏེ། ༼དམངས་༽དང་༼མང་༽གོ་དོན་མི་འདྲ་བ་མེད་པའི་སྒྲ་རྣམ་གྲངས་པ་ཡིན་ན། འཁྲུལ་གཞི་མེད་ཅིང༌། ཡི་གེ་ཉུང་བས་དེ་ཉིད་བཞག་ན་སྐྱོན་ཅི་ཡོད། བརྡ་དག་གི་གནད་ལའང་མང་བས་བྲིས་པ་ལ་དག་པར་འཇོག་དགོས་པའི་མང་གཙོའི་ལམ་སྲོལ་མོན་པའི་རྡོར་གཅོད་ཞུ་དག་ལྟར་ཡིན་ན་ནི། ཁོ་བོ་ཅང་མི་སྨྲ་བའི་བརྟུལ་ཞུགས་བཟུང་བ་ལས་ཅི་བྱར་མ་མཆིས་སོ།།

གསུང་རྩོམ་འདི་ནི། ལྗང་གཞོན་དུས་དེབ། འདོན་ཐེངས་ ༢ ཕྱི་ལོ་ ༡༩༩༡ ནང་བཏོན་འདུག

མཆན་ཁག ༡ Democracy, term literally meaning rule by the people (from the Greek demos, “The people” and kartos, “rule”) but having several different senses in contemporary usage. (1) a form of government in which the right to make political decisions is exercised directly by the whole body of citizens, acting under procedures of majority rule, usually known as direct democracy; (2) a form of government in which the citizens exercise the same right not in person but through representatives chosen by and responsible to them, known as representative democracy; (3) a form of government usually a representative democracy, in which the powers of the majority are exercised within a framework of constitutional restraints designed to guarantees minorities the enjoyment of certain individual or collective rights, such as freedom of speech and religion, known as liberal or constitutional democracy; (4) any political or social system that tends to minimize social and economic differences, especially those arising out of the unequal distribution of private property. This last is known as social or economic democracy, even when the political system is not democratic in any of the first three senses.

Encyclopedia Britannica Micropaedica Vol. III, page no. 458 15th edition 1974.

༢ ཡངས་པ་ཅན་ཚོགས་ཀྱིས་དབང་བ་ཡིན་པས་དེར་འགྲོའོ་སྙམ་ནས། འདུལ་བ་ལུང་གཞི། དགེ་འདུན་གྲུབ་ཀྱིས་གླེང་འབུམ་དུ་དྲངས་པ། ཤོག་གྲངས། ༣༧༥ ཞོལ་དཔར།

༣ དམངས་ཀྱི་བྱ་རྣམས་བསྟེན་པར་འགྱུར།། སེབྱེཏེ བྷ྄རྀཏ྄ཡཔཀྵིབྷི༔། ལེའུ་བཞི་པ། ཤ྄ལོཀ་ ༤༠

༤ དེ་ལྟར་དམངས་ཀྱི་རྒྱལ་གཏུམ་བཞིན།། བྷ྄རྀཏ྄ཡཤ྄ཅཎྜནྲིཔམ྄ ཡཐཱ། ལེའུ་དྲུག་པ། ཤ྄ལོཀ་ ༡༣༠

༥ དམག་དཔོན་ཤུདྲ་དམངས་རིགས་དམན་པ་དང༌། ཤོག་གྲངས། ༣༣ རིན་ཆེན་ཆོས་སྐྱོང་བཟང་པོ། ༡༥༢༧ ལོར་བརྩམས།

༦ དམག་གི་ཉེས་དམིགས་དམངས་རིགས་དམན།། ཤོག་གྲངས་ ༢༤༢ ཤཱཀྱའི་དགེ་སློང་ངག་དབང་ཆོས་ཀྱི་རྒྱ་མཚོ་དབྱངས་ཅན་སྙེམས་པའི་སྡེའམ། དཔལ་སྒང་ངམ་དཔལ་ཁང་པ་ཆོས་མཛད་ལོ་ཙཱ་བས་ ༡༥༣༨ ལོར་བརྩམས།

༧ Tibetan English Dictionary, Page No. 98, Publisher Motilal Banarsidas

༨ Tibetan English Dictionary, page No. 422. Printed in Britain by Lowe and Brydrone (Printers) Ltd. London 1881

༩ Tibetan Sanskrit Dictionary, page no. 1861, Kyoto, Rinsen Book Company 1976

༡༠ ས་ཡི་སྙིང་པོ་འཁོར་ལོ་བཅུ་པའི་མདོ། མདོ་སྡེ། ཞ ༢༣༩ ཤོག་གྲངས། ༡༠༠-༢༤༡ བར།

༡༡ Political Science, page no. 199, Calcutta, The World Press Pvt. Ltd.1967

༡༢ གངས་ཅན་རིག་མཛོད་དཻབ་བཅུ་གཅིག་པ། ཤོག་གྲངས། ༤༠༡ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང༌། ༡༩༩༠

༡༣ གངས་ཅན་རིག་མཛོད་དེབ་བཅུ་གཅིག་པ། ཤོག་གྲངས། ༡༧༥ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང༌། ༡༩༩༠

༡༤ སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་དང་ཁྲིམས་ལུགས་སྐོར་བཤད་པ། ༼ཏུང་ཡི་ཝུའུ༽ ཤོག་གྲངས་ ༡༦ མི་རིགས་དཔེ་སྐྲུན་ཁང༌། ༡༩༨༢ ཡང་ཤོག་གྲངས། ༡༨

༡༥ དག་ཡིག་གསར་བསྒྲིགས། ཤོག་གྲངས། ༨༢ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་ ༡༩༧༩ ལོར་དཔར་བསྐྲུན་བྱས་པ།

༡༦ བོད་རྒྱ་ཚིག་མཛོད་ཆེན་མོ། བར་ཆ། ཤོག་གྲངས། ༢༡༣༦ མི་རིགས་དཔེ་སྐྲུན་ཁང༌།