༈ ཅེནྣཨཱི་གྲོང་ཁྱེར་དུ་གསུང་བཤད་ཁག་གནང་བ།

༄༅།།  སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ ༢༠༡༧ ཕྱི་ཟླ་ ༡ ཚེས་ ༢༦ ཉིན་དྷ་རྨ་ཤཱ་ལཱ་ནས་ཕེབས་ཐོན་གྱིས་དིལླཱིའི་བརྒྱུད་ ༢༠༡༧ ཕྱི་ཟླ་ ༡ ཚེས་ ༢༧ ཉིན་རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཅེནྣཨཱི་ (Chennai) ལ་འབྱོར།  ཚེས་ ༢༨ དང་ ༢༩ ཉིན་གཉིས་རིང་རྒྱ་གར་གྱི་ཀྲྀཥྞམཱུརྟིའི་དགེ་རྩའི་འགན་འཛིན་ལྷན་ཚོགས་ (The Governing Body Meeting of Krishnamurti Foundation of India) སུ་ཞུགས། 

ཚེས་ ༢༩ ཕྱི་དྲོ་རྒྱ་གར་གྱི་ཀྲྀཥྞམཱུརྟིའི་དགེ་རྩའི་བགྲོ་གླེང་མུ་མཐུད་ཁང་ (Centre for Continuing Dialogue, Krishnamurti Foundation of India) གི་གོ་སྒྲིག་འོག་བསནྟ་བིཧཱར་གྱི་སྤང་ཐང་དུ་ “སངས་རྒྱས་ཀྱི་གསུང་དང་ཀྲྀཥྞམཱུརྟིའི་ཉམས་རྟོག་” ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཞིང་།  དེའང་ཐོག་མར་དངོས་ཁམས་རིག་པའི་སློབ་དཔོན་ཆེན་མོ་པི་ཀྲིཥྞ་ (Prof. P. Krishna, Physics) ནས་རིན་པོ་ཆེའི་ངོ་སྤྲོད་གནང་རྗེས།  རིན་པོ་ཆེས། སངས་རྒྱས་དང་ཀྲྀཥྞམཱུརྟི་གཉིས་དབར་མཚུངས་བསྡུར་གང་ཡང་བྱེད་ཀྱི་མེད་རུང་།  སངས་རྒྱས་ཀྱིས་རྟོགས་པའི་ཆོས་དེ་སངས་རྒྱས་མ་ཐག་སུས་ཀྱང་གོ་བར་མི་ནུས་པར་དགོངས་ཏེ་གསུངས་མེད་ཅིང་།  ཀྲྀཥྞམཱུརྟིས་ཀྱང་བདེན་པ་ནི་ལམ་མེད་ཀྱི་ས་གཞི་ཞིག་ཡིན་པས་སུའང་དེར་འཁྲིད་མི་ཐུབ་ཅེས་གསུངས་ཡོད་ཚུལ།  གང་ལྟར་ཁོང་གཉིས་ཀྱིས་གཟིགས་པ་དེ་རྟོག་པའི་ཡུལ་མིན་པ་དང་།  སྨྲ་བསམ་བརྗོད་མེད་ཡིན་ཚུལ།  འོན་ཀྱང་སངས་རྒྱས་ཀྱིས་ལོ་ ༥༠ ཙམ་དང་།  ཀྲྀཥྞམཱུརྟིས་ལོ་ ༦༠ ཙམ་བཀའ་མོལ་གནང་བ་དེ་དོན་མེད་མིན་ཞིང་།  སྨྲ་བརྗོད་ཀྱི་ཡུལ་ལས་འདས་རུང་གང་ཟག་གཞན་གྱིས་རྟོགས་པར་ཇི་ལྟར་ཕན་ཐོགས་ཡོད་ཚུལ།  དེ་བཞིན་སངས་རྒྱས་ཀྱིས་བདེན་པ་བཞི་དང་བསླབ་པ་གསུམ་སོགས་གསུངས་པ་བཞིན་ཀྲྀཥྞམཱུརྟིས་གདམ་ག་མེད་པའི་རྟོག་དཔྱོད་སོགས་གསུངས་ཚུལ་སོགས་རྒྱས་པར་གསུངས་མཐར།  དྲི་བ་ཁག་ལ་ལན་འདེབས་གནང་ཞིང་།  སྐབས་དེར་མི་ ༥༠༠ ལྷག་འདུ་འཛོམས་བྱུང་བའི་ཁོངས་སུ་སློབ་དཔོན་ཆེན་མོ་དང་།  སྨན་པ།  ཤེས་ཡོན་པ།  དགེ་རྒན་སོགས་རྒྱབ་ལྗོངས་སྣ་ཚོགས་ནས་མི་སྣ་ཕེབས་ཡོད་འདུག

ཚེས་ ༣༠ སྔ་དྲོ་མི་སྣ་མཇལ་མཁན་ཁག་ལ་དུས་ཚོད་གནང་བ་དང་།  ཕྱི་དྲོ་རྒྱ་གར་གྱི་རིག་པ་ཁང་གི་ཅེནྣཨཱི་ཡན་ལག་ (Bhartiya Vidya Bhavan’s Chennai Kendra) གི་གོ་སྒྲིག་འོག་ཌོཀ་ཊར་པྲི་ཐཱ་རེཌྜཱིའི་ཚོམས་ཆེན་དུ་ “ཨེས་ཝི་ནར་སིམ་ཧན་དྲན་རྟེན་གསུང་བཤད་ཐེངས་གསུམ་པར་” (3rd S.V. Narasimhan Memorial Oration) “སངས་རྒྱས་དང་བདག་ཉིད་ཆེན་པོ་དང་།  དངོས་པོའི་འཇིག་རྟེན་ནང་བཟང་སྤྱོད་” ( The Buddha, the Mahatma & Ethics in a Material World) ཅེས་པའི་བརྗོད་གཞིའི་ཐོག་སྐུ་མགྲོན་གཙོ་བོའི་ཚུལ་དུ་གསུང་བཤད་གནང་ཞིང་།  དེའང་ཐོག་མར་ཚོགས་འདུའི་ཚོགས་གཙོ་སྐུ་ཞབས་ཨེན་རབཱི་ (N. Ravi) ནས་དགའ་བསུའི་གསུང་བཤད་དང་།  སྐུ་ཞབས་ཨེས་ཨེན་ཤྲཱི་ཀཱནྟ་ (S.N. Srikanth) ནས་སྐུ་མགྲོན་རྣམས་ཀྱི་ངོ་སྤྲོད།  དམིགས་བསལ་སྐུ་མགྲོན་རྒྱ་གར་གཞུང་གི་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་ཟུར་པ་ (Former National Security Advisor, Govt. of India) དང་ནུབ་བངྒཱལ་གྱི་སྲིད་སྐྱོང་ཟུར་པ་ (Former Governor, West Bengal) སྐུ་ཞབས་ཨེམ་ཀེ་ནཱརཱཡཱཎཱན་ (M.K. Narayanan) ནས་གསུང་བཤད་བཅས་གྲུབ་རྗེས།  སྐུ་མགྲོན་གཙོ་བོ་རིན་པོ་ཆེས།

  སངས་རྒྱས་དང་བདག་ཉིད་ཆེན་པོ་གཱཾནྡྷཱི་གཉིས་ཀྱིས་སྡུག་བསྔལ་སེལ་བའི་ཐབས་སུ་སྡུག་བསྔལ་ལ་ཐད་ཀར་གདོང་ལེན་མ་གནང་བར་སྡུག་བསྔལ་གྱི་རྒྱུ་སེལ་ཐབས་གཙོ་བོ་གནང་ཞིང་།  སངས་རྒྱས་ཀྱིས་སྐྱེ་རྒ་ན་འཆིའི་གནས་སྟངས་རྣམས་གཟིགས་སྐབས་དེ་དག་ལ་ཐད་ཀར་གདོང་ལེན་མ་གནང་བར་དེའི་རྒྱུ་འཚོལ་ཐབས་གནང་བ་ལྟར་བདག་ཉིད་ཆེན་པོ་གཱཾདྡྷཱིས་ཀྱང་ལྷོ་ཨཕ་རི་ཀའི་མེ་འཁོར་ནས་ཕུད་སྐབས་དེ་ལ་ཐད་ཀར་གདོང་ལེན་མ་གནང་བར་དེའི་རྒྱུ་གང་ལ་ཐུག་མིན་ཐོག་དགོངས་པ་བཞེས་ཚུལ།  དེ་ནས་དངོས་པའི་འཇིག་རྟེན་ནང་བཟང་སྤྱོད་དཀའ་བ་མ་ཟད།  དེ་གཉིས་མཉམ་བསྐྱོད་དཀའ་ཚུལ།  གལ་ཏེ་བཟང་སྤྱོད་དགོས་ན་དངོས་པོའི་འཇིག་རྟེན་ནས་ཐག་རིང་གནས་དགོས་པ།  ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་དང་།  དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས།  སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་རྣམས་དངོས་པོའི་འཇིག་རྟེན་ནང་ཡོང་དཀའ་བ།  དེས་ན་བཟང་སྤྱོད་དགོས་ན་བཟང་སྤྱོད་གཙོ་བོར་བྱེད་རྒྱུ་ལས་དངོས་པོའི་འཇིག་རྟེན་གཙོ་བོར་བྱེད་མི་རུང་བ་སོགས་རྒྱས་པར་གསུངས།  མཐར་རྒྱ་གར་གྱི་རིག་པ་ཁང་གི་ཅེནྣཨཱི་ཡན་ལག་གི་ངེས་སྟོན་པ་སྐུ་ཞབས་རཱ་མཱ་སྭཱམི་ (K.N. Ramaswamy, Director, Bhartiya Vidya Bhavan’s Chennai Kendra) ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་།  ད་རེས་འདི་ནི་རྒྱ་གར་གྱི་རིག་པ་ཁང་གིས་ལོ་ལྟར་མི་སྣ་གྲགས་ཅན་གདན་འདྲེན་གྱིས་གསུང་བཤད་གོ་སྒྲིག་གནང་མུས་ཁོངས་ནས་གཅིག་ཡིན་ཞིང་། རྒྱ་གར་རྒྱལ་ཡོངས་སུ་རྒྱ་གར་གྱི་རིག་པ་ཁང་གི་ཡན་ལག་ ༣༠ ཙམ་ཡོད་པ་མ་ཟད།  ཕྱི་རྒྱལ་ཁག་ཏུའང་ཡོད་ཅིང་།  ད་རེས་དྲན་རྟེན་གསུང་བཤད་དུ་མི་ ༡༠༠༠ ཙམ་འདུ་འཛོམས་འདུག