༈ གསང་ཆེན་སྟོད་རྒྱུད་པོད་ཕྲེང་དྲུག་པ་བླ་མ་མཆོད་པའི་ཁྲིད་ཡིག་ཆེན་མོ་གསང་བའི་གནད་རྣམ་པར་ཕྱེ་བ་སྙན་བརྒྱུད་མན་ངག་གི་གཏེར་མཛོད་ཀྱི་སྔོན་གླེང་།

༄༅།། ཕྱི་ལོ་༢༠༡༤ཕྱི་ཟླ་༣ཚེས་༢༦ནས་ཉིན་༢༡རིང་སློབ་དཔོན་ཆེན་པོ་ཟམ་གདོང་རིན་པོ་རྗེ་བཙུན་བློ་བཟང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་གི་ཞལ་སྔ་ནས་དྷ་ས་ར་ཆེ་གཉིས་པའི་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་གཙུག་ཁང་དུ་དཀའ་ཆེན་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི་བླ་མ་མཆོད་ཁྲིད་ཡིག་ཆེན་མོ་གསང་བའི་གནད་Teachin g Book (2)རྣམ་པར་ཕྱེ་བ་སྙན་བརྒྱུད་མན་ངག་གི་གཏེར་མཛོད་དང་ཕྱག་ཆེན་སྦྲགས་པའི་ཉམས་ཁྲིད་བཀའ་དྲིན་ཆེ་སྐབས་ཉེ་བར་མཁོ་བས་གསང་ཆེན་སྟོད་རྒྱུད་པོད་ཕྲེང་བདུན་པར་དཔར་གསར་སྐྲུན་སྐབས་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ནས་ལྗགས་རྩོམ་གནང་བའི་སྔོན་གླེང་།
༈ ན་མོ་གུ་རུ་བྷྱ། སྟོན་མཆོག་རྣམ་འདྲེན་བཞི་པས་གདུལ་བྱའི་ཁམས་མོས་དང་འཚམས་པའི་ཆོས་ཀྱི་ཕུང་པོ་ཇི་སྙེད་ཅིག་བཀའ་བསྩལ་བ་ཐམས་ཅད་ནི་གདུལ་བྱ་རྣམས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་དཀྲི་བའི་ཐབས་ཚུལ་འབའ་ཞིག་ཡིན་ལ། དེ་ཡང་ཕར་ཕྱིན་ཐེག་པའི་ཟབ་པ་དང། རྒྱ་ཆེ་བའི་ལམ་གྱི་རིམ་པ་སྤྱི་དང། ཁྱད་པར་མཐའ་དྲུག་ཚུལ་བཞིའི་རྒྱ་ཡིས་བཅིངས་པའི་ཟབ་གསང་རྡོ་རྗེ་ཐེག་པའི་ཆོས་སྐོར་རྣམས་ལུང་གིས་ཟིན་པའི་འགྲེལ་བྱེད་རྣམས་ཀྱིས་བཀྲལ་བ་ལ་མ་ལྟོས་པར་ཕྱིས་རབས་ཀྱི་གདུལ་བྱ་རྣམས་ཀྱིས་ཇི་བཞིན་རྟོགས་པར་མི་ནུས་པར་གྱུར་པ་ན། ཤིང་རྟ་ཆེན་པོ་ཀླུ་སྒྲུབ་ཡབ་སྲས་དང། ཐོགས་མེད་སྐུ་མཆེད་ཀྱིས་མཚོན་པའི་འཕགས་ཡུལ་གྱི་པཎ་གྲུབ་ཚད་མར་གྱུར་པ་རྣམས་ཀྱིས་རྒྱལ་བའི་གསུང་རབ་ཀྱི་དགོངས་པ་ཇི་བཞིན་འགྲེལ་བའི་བསྟན་བཅོས་གྲངས་ལས་འདས་པ་མཛད་དེ་འཕགས་པའི་ཡུལ་དུ་རྒྱལ་བའི་བསྟན་པ་ཉི་མ་ལྟར་གསལ་བར་མཛད་ཅིང། དེ་དག་གིས་ཇི་ལྟར་བཀྲལ་བའི་ཐེག་པ་གསུམ་དང་རྒྱུད་སྡེ་བཞིས་བསྡུས་པའི་རྒྱལ་བའི་ཆོས་ཚུལ་ཡོངས་སུ་རྫོགས་པ་སྔོན་བྱོན་རྒྱལ་བློན་ལོ་པཎ་རྣམས་ཀྱི་བཀྲིན་ལས་གངས་ལྗོངས་ཆོས་ཀྱི་ཞིང་སར་དབུ་བརྙེས་སྲོལ་གཏོད་དར་ཞིང་རྒྱས་པར་མཛད་དེ་བཀའ་སྡེ་སྣོད་གསུམ་དང། རྒྱུད་སྡེ་བཞིས་བསྡུས་པའི་མདོ་རྒྱུད་ཕལ་མོ་ཆེ་དང། དེ་དག་གི་དགོངས་པར་འགྲེལ་བའི་བསྟན་བཅོས་སྟོང་ཕྲག་དུ་མ་བོད་སྐད་དུ་བསྒྱུར་ཅིང། འཕགས་ཡུལ་གྱི་པཎ་གྲུབ་དུ་མས་གཙུག་གི་ནོར་བུ་ལྟར་བཀུར་བའི་མཁན་ཆེན་ཞི་བ་འཚོ་དང། སློབ་དཔོན་པདྨ་འབྱུང་གནས། སློབ་དཔོན་པདྨའི་ངང་ཚུལ། པཎ་ཆེན་ཤཱཀྱ་ཤྲཱི། ཇོ་བོ་རྗེ་དཔལ་མར་མེ་མཛད་ཡེ་ཤེས་ལ་སོགས་པ་བོད་ལྗོངས་སུ་༸ཞབས་ཀྱིས་བཅགས་ཤིང། རྒྱལ་བའི་ཆོས་ཚུལ་དྲི་མ་མེད་པ་གསལ་བར་མཛད་པ་དང། བོད་ཀྱི་ལོ་ཆེན་མཁས་དབང་གྲངས་ལས་འདས་པ་རྒྱ་གར་དུ་བྱོན་ནས་པཎ་གྲུབ་ཚད་ལྡན་དུ་མའི་ཞབས་ལ་གཏུགས་ཏེ། གཞུང་ཆེན་གྱི་འཆད་ཉན་དང། ཐུན་མིན་གདམས་ངག་དུ་མའི་བརྒྱུད་པ་བོད་དུ་དྲངས་པ་སོགས་ལ་བརྟེན་ནས་སྔ་འགྱུར་རྙིང་མ་དང། དཔལ་ས་སྐྱ། མཉམ་མེད་བཀའ་བརྒྱུད་སོགས་ཆོས་བརྒྱུད་ཆེན་པོ་ཇི་སྙེད་ཅིག་སྤྱིར་རྒྱལ་བའི་གསུང་རབ་འཕགས་ཡུལ་གྱི་ཤིང་རྟ་ཆེན་པོ་རྣམས་ཀྱིས་ལེགས་པར་བཀྲལ་བའི་ལྟ་གྲུབ་ཀྱི་རྒྱ་ལས་མ་བརྒལ་ཡང། གདུལ་བྱ་སོ་སོས་ཉམས་སུ་ལེན་པའི་ཐབས་ཚུལ་དང། གོ་རིམ། ཆོ་ག་སོགས་འདྲ་མིན་དང། ཐུན་མོང་མ་ཡིན་པའི་བརྡ་ཆད་དུ་མས་བརྒྱན་པ་རྒྱ་ཁྱབ་དར་རྒྱས་སུ་ཕྱིན་ཏེ། ད་ལྟའང་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་ཉམས་མེད་རྒྱུན་འཛིན་འཇིག་རྟེན་སྐྱེ་རྒུའི་གསོས་སྨན་དུ་བཞུགས་པ་དེ་ལྟར་དང།
རི་བོ་དགེ་ལྡན་པའི་བསྟན་པའི་སྲོལ་འབྱེད་མཉམ་མེད་ཙོང་ཁ་པ་ཆེན་པོས་རྡོ་རྗེ་ཐེག་པའི་ལམ་དང་འབྲེལ་བའི་མཐའ་བྲལ་དབུ་མའི་ལྟ་བའི་འཛིན་སྐྱོང་སྤེལ་བའི་ཐུགས་བསྐྱེད་མཛད་པ་དང་མཐུན་པར་གཞོན་ནུའི་དུས་ནས་རྒྱལ་བའི་གསུང་རབ་མདོ་རྒྱུད་དགོངས་འགྲེལ་དང་བཅས་པ་ལ་ཕྱོགས་རེ་བ་དང་རགས་པ་རེ་ཙམ་མ་ཡིན་པར། དཔྱད་གསུམ་རྣམ་པར་དག་པའི་རིགས་པའི་ལམ་ནས་གསན་བསམ་ཕུ་ཐག་ཆོད་པར་མཛད་དེ་ཐུགས་ཉམས་སུ་བཞེས་ནས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པའི་ཚུལ་ནི། རྗེ་རང་ཉིད་ཀྱིས། དང་པོར་རྒྱ་ཆེན་ཐོས་པ་མང་དུ་བཙལ།། བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར།། མཐར་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས།། ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོ།། ཞེས་སུངས་པ་ལས་ལེགས་པར་དཔོག་ནུས་ཤིང། འཇམ་དབྱངས་ནས་ཀླུ་སྒྲུབ་ཡབ་སྲས་ལ་བརྒྱུད་པའི་ཟབ་མོའི་ལམ་གྱི་རིམ་པ་གསལ་བར་མཛད་ཕྱིར་རྩ་ཤེས་ཊིཀ་ཆེན་དང། དགོངས་པ་རབ་གསལ། ལྷག་མཐོང་ཆེ་ཆུང་སོགས་དང། བྱམས་པ་ནས་ཐོགས་མེད་ལ་བརྒྱུད་པའི་རྒྱ་ཆེན་སྤྱོད་བརྒྱུད་ཀྱི་གཞུང་རྣམས་གསལ་བའི་ཕྱིར་ལེགས་བཤད་གསེར་ཕྲེང་སོགས་དང། མྱུར་ལམ་རྡོ་རྗེ་ཐེག་པའི་གཞུང་ལུགས་ཀླུ་སྒྲུབ་ཡབ་སྲས་སོགས་འཕགས་ཡུལ་གྱི་པཎ་གྲུབ་རྩོད་མེད་ཡོངས་གྲགས་རྣམས་ཀྱི་དགོངས་པ་གསལ་བར་མཛད་པའི་ཕྱིར་རྡོ་རྗེ་ཐེག་པའི་ལམ་གྱི་རིམ་པ་དང། རིམ་ལྔ་གསལ་སྒྲོན། དེ་བཞིན་མཉམ་མེད་ཇོ་བོ་ཆེན་པོ་ནས་བརྒྱུད་པའི་རྒྱལ་བའི་གསུང་རབ་ཐམས་ཅད་གང་ཟག་གཅིག་གིས་སྟན་ཐོག་གཅིག་ཏུ་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་ལམ་རིམ་ཆེ་ཆུང་སོགས་འགྲན་ཟླ་མེད་པའི་གསུང་གི་མཛད་པ་རླབས་ཆེན་བསྐྱངས་པ་མ་ཟད། རྗེ་བཙུན་འཇམ་དཔལ་དབྱངས་ནས་ཐད་ཀར་བྱིན་རླབས་ཉེ་བརྒྱུད་ཀྱི་ཚུལ་དུ་གསན་པའི་སྙན་བརྒྱུད་ཀྱི་མན་ངག་ཁྱད་པར་ཅན་བླ་མའི་རྣལ་འབྱོར་ལམ་གྱི་སྲོག་ཏུ་བྱས་ཏེ། ཡི་དམ་གསང་བདེ་འཇིགས་གསུམ་ཡ་མ་བྲལ་བར་ཉམས་སུ་ལེན་པའི་སྒོ་ནས་ལོ་གསུམ་ཕྱོགས་གསུམ་གྱི་དུས་ཡུན་ནང་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་བྱེད་པའི་ཐབས་ཟབ་གསང་སྙན་བརྒྱུད་ཀྱི་མན་ངག་ཇི་སྙེད་ཅིག་བཞུགས་པ་རྣམས་སྲས་ཀྱི་ཐུ་བོ་རེ་ཟུང་ལ་ཆིག་བརྒྱུད་ཀྱི་ཚུལ་དུ་གནང་བ་ལས་ཡིག་ཐོག་ཏུ་ཆེར་མ་འཁོད་པ་རྣམས་རིམ་པས་སྲད་བརྒྱུད་དང། དབེན་ས་སྙན་བརྒྱུད་ཀྱི་བརྒྱུད་རིམ་གཉིས་ཀྱི་ནང་བཞུགས་པ་དེ་དག་འཇམ་མགོན་བླ་མ་ཉིད་ཀྱིས་མཛད་པའི་བྱིན་རླབས་ཉེ་བརྒྱུད་ཀྱི་གསོལ་འདེབས་ལྟར་ན་རྒྱལ་བ་རྡོ་རྗེ་འཆང། རྗེ་བཙུན་འཇམ་དཔལ་དབྱངས། བླ་མ་དབུ་མ་པ། དེ་ནས་རྗེ་ཉིད་ལ་བརྒྱུད་པར་གསལ་བ་དང། དུས་ཕྱིས་བླ་མ་དབུ་མ་པའི་ཞུ་བརྒྱུད་མ་དགོས་པར་འཇམ་དཔལ་དབྱངས་ནས་རྗེ་ཙོང་ཁ་པ་རང་ལ་ཐད་ཀར་གསུངས་པའང་ཇི་སྙེད་ཅིག་ཡོད་པ་འགའ་ཤས་སྐབས་དེར་ཡིག་རིས་སུ་བཀོད་པའི་དུས་ལ་མ་བབས་པར་གཟིགས་ཏེ། སྙན་བརྒྱུད་ཁོ་ནར་བཞུགས་པ་དགེ་ལྡན་བཀའ་བརྒྱུད་ཕྱག་རྒྱ་ཆེན་པོའི་ཁྲིད་དང། དེའི་སྔོན་འགྲོ་བླ་མ་མཆོད་པའི་ཆོ་ག་སོགས་རྗེ་ཙོང་ཁ་པ་དང། རྟོགས་ལྡན་འཇམ་དཔལ་རྒྱ་མཚོ། བ་སོ་ཆོས་ཀྱི་རྒྱལ་མཚན། གྲུབ་ཆེན་ཆོས་ཀྱི་རྡོ་རྗེ། དབེན་ས་པ་བློ་བཟང་དོན་གྲུབ། མཁས་གྲུབ་སངས་རྒྱས་ཡེ་ཤེས་བཅས་ལས་ཉེ་བར་བརྒྱུད་པ་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་གསན་ནས་ཐུགས་ཉམས་སུ་བཞེས་ཏེ་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པ་དང། གདམས་ངག་འདི་དག་ཡིག་ཐོག་ཏུ་བཀོད་པའི་དུས་ལ་བབ་པར་གཟིགས་ནས་ཟབ་ལམ་བླ་མ་མཆོད་པའི་ཆོ་ག་དང། ཕྱག་ཆེན་རྩ་བ་རྒྱལ་བའི་གཞུང་ལམ། དེའི་རང་འགྲེལ་ཡང་གསལ་སྒྲོན་མེ་བཅས་ལྗགས་རྩོམ་གནང་སྟེ་གདུལ་བྱ་མང་པོ་སྐུ་བཞིའི་རྒྱལ་སར་བཀོད་ཅིང། འཇམ་མགོན་སྙན་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེ་དུས་ཀྱི་མཐར་ཡང་ཉམས་པ་མེད་པའི་བཀྲིན་མཛད། དེ་ནས་བཟུང་གཞུང་འདི་གཉིས་ཀྱི་འཆད་ཉན་རི་བོ་དགེ་ལྡན་པའི་རྗེས་འཇུག་ཡོངས་ལ་འགྲོ་དོན་དར་ཁྱབ་ཅི་ཆེར་འབྱུང་བཞིན་པའི་ངོར། གདམས་ངག་འདིའི་རྒྱུན་འཛིན་པཎ་ཆེན་དཔལ་ལྡན་ཡེ་ཤེས་དཔལ་བཟང་པོས་བླ་མཆོད་བདེ་སྟོང་དབྱེར་མེད་མ་འདི་ལ་ཁྲིད་ཡིག་རྒྱས་པ་མན་ངག་གི་གནད་རྣམ་པར་ཕྱེ་བ་ཞིག་དགོས་ཞེས་རང་གི་དངོས་སློབ་དཀའ་ཆེན་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ལ་ཇི་ལྟར་བཀས་སྐུལ་བ་བཞིན་དཀའ་ཆེན་ཡོངས་འཛིན་མཆོག་ནས་གདམས་ངག་འདི་གང་ལས་བཏུས་པའི་རྩ་བའི་ཁུངས་འདུས་པ་རྩ་བཤད་ཀྱི་རྒྱུད་དང། དེ་དག་གི་འགྲེལ་པ་འཕགས་ཡུལ་གྲུབ་ཆེན་རྣམས་ཀྱིས་མཛད་པའི་གཞུང། རྗེ་ཐམས་ཅད་མཁྱེན་པའི་གསུང་རྣམས་ལ་ཞིབ་ཏུ་བརྟགས་ཏེ་ཁུངས་ལྡན་ཡིད་ཆེས་འཕེར་བའི་རྣམ་བཤད་‘བླ་མ་མཆོད་པའི་ཁྲིད་ཡིག་གསང་བའི་གནད་རྣམ་པར་ཕྱེ་བ་སྙན་བརྒྱུད་མན་ངག་གི་གཏོར་མཛོད་’ཅེས་བྱ་བ་ཡོངས་གྲགས་སུ་ ‘བླ་མཆོད་ཁྲིད་ཡིག་ཆེན་མོ་’ ཞེས་པ་འདི་མཛད་པ་ལ་བརྟེན་ནས་དབེན་ས་སྙན་བརྒྱུད་ཀྱི་བསྟན་པ་ལ་ཞབས་འདེགས་རྨད་དུ་བྱུང་བ་འགྲུབ་པ་དང། སྤྱིར་བླ་མ་མཆོད་པའི་ཆོ་གའི་འགྲེལ་པ་འགྲེལ་བཤད་ཁྲིད་ཡིག་རྒྱས་བསྡུས་དུ་མ་ཞིག་བཞུགས་ནའང། དཀའ་ཆེན་གྱིས་ཁྲིད་ཡིག་འདི་མཛད་དེ་འཆད་ཉན་དར་བ་ནས་བཟུང་རི་བོ་དགེ་ལྡན་པའི་བསྟན་པའི་ཐུགས་ཁུར་ཐེག་པའི་བཤེས་གཉེན་ཕལ་མོ་ཆེས་ཁྲིད་ཡིག་འདིའི་སྟེང་ནས་འཆད་ཉན་མཛད་སྲོལ་དར་བ་བཅས་འགྲོ་དོན་ཧ་ཅང་ཆེ་བར་བཞུགས་ཤིང། ཁྲིད་ཡིག་འདིའི་དབུ་མཇུག་ཀུན་ཏུ་གདམས་ངག་གམ་མན་ངག་ཡང་ན་སྙན་བརྒྱུད་ཞལ་ཤེས་སོགས་སུ་གྲགས་པ་ཐམས་ཅད་རྒྱལ་བ་རང་ཉིད་ཀྱིས་གསུངས་པའི་མདོ་དང་རྒྱུད་སྡེ། དེའི་དགོངས་འགྲེལ་འཕགས་ཡུལ་གྱི་པཎ་གྲུབ་ཚད་ལྡན་རྣམས་ཀྱིས་མཛད་པའི་གཞུང་ལ་ཁུངས་གཏུག་ས་ཡོད་པ་ཞིག་དགོས་པ་ལས། གཞུང་ཆེན་མོའི་རྒྱབ་རྟེན་མེད་པར་བློས་བྱས་རང་བཟོའི་ཚིག་ཚོགས་ལ་ཡིད་བརྟན་མི་རུང་བའི་ཚུལ་རྩལ་འདོན་མཛད་དེ། སྙན་བརྒྱུད་ཀྱི་གདམས་པ་འདིའི་ཆ་ལག་ཡོངས་སུ་རྫོགས་པ་རྒྱུད་རྒྱ་གཞུང་གི་ཁུངས་དང། རིགས་པའི་སྒྲུབ་བྱེད་ཞིབ་གསལ་བཀོད་གནང་མཛད་པ་འདི་ཀུན་གྱིས་ཡིད་ཆེས་ཚད་མར་གཟུང་འོས་པའི་བསྟན་བཅོས་ཤིག་ཡིན་པར་བརྟེན། འཇམ་མགོན་རྒྱལ་བ་གཉིས་པའི་མདོ་སྔགས་ཀྱི་བསྟན་པ་སྤྱི་དང། ཁྱད་པར་དབེན་ས་སྙན་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་མི་ཉམས་རྒྱུན་གནས་ཡོང་ཆེད་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་ནས་ཁྲིད་ཡིག་འདི་དཔར་སྐྲུན་གནང་བ་བསྟན་འགྲོ་ཡོངས་ལ་སྨན་པའི་རྒྱུ་རུ་འགྱུར་བའི་སྨོན་འདུན་དང་བཅས། ཤཱཀྱའི་བཙུན་པ་ཟམ་གདོང་པ་བློ་བཟང་བསྟན་འཛིན་གྱིས་སྔོན་གླེང་ཚུལ་དུ་བྲིས་པའོ།། །།