༈ ༢༠༡༥ ཟླ་བ་ ༤ པའི་ཚེས་ ༡༧ ཉིན་ནིའུ་ཡོག་དང་ནིའུ་ཇར་སི་བོད་རིགས་མང་ཚོགས་ལ་དབུ་མའི་ལམ་གྱི་སྐོར་སྩལ་བའི་བཀའ་སློབ།

༄༅།།  ད་རིང་ཚོགས་ཁང་དུ་ཕེབས་པའི་བསྟན་པའི་གསལ་བྱེད་༧སྐྱབས་རྗེ་ཆུ་བཟང་རིན་པོ་ཆེ་མཆོག་དང་སྐྱབས་ཡུལ་དགེ་འདུན་པ་རྣམ་པ།  བཀའ་ཟུར་བློ་བཟང་སྙན་གྲགས་ལགས་དང་བོད་ཀྱི་ཐེབས་རྩའི་འགན་འཛིན་རྣམ་པ།  ནིའུ་ཡོག་དང་ནིའུ་ཇར་སིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཚོགས་གཞོན་དང་ལས་ཀྱི་སྣེ་མོ་བ་རྣམ་པ།  ཚོགས་པ་སྐྱིད་སྡུག་ཁག་གི་མཛད་གཙོ་རྣམ་པ།  གཞན་ཡང་བོད་རིགས་སྤུན་ཟླ་བགྲེས་གཞོན་རྣམ་པ་བཅས་ལ་ཐོག་མར་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

ཕྱི་ལོ་ ༢༠༡༤ ལོར་ཨ་རིར་ཡོད་པའི་ཇིའུ་མི་རིགས་ཀྱི་ལོ་གསར་ (Passover) ལ་བཅར་རྒྱུའི་མགྲོན་འབོད་བྱུང་བ་བཞིན་ཡོང་གཏན་འཁེལ་མཚམས་གཟུགས་གཞི་མ་བདེ་བས་བཅར་མ་ཐུབ་པ་རེད།  མགྲོན་འབོད་དེའི་མཇུག་སྐྱོང་གི་ཚུལ་དུ་འདི་ལོ་ཕྱི་ཟླ་བཞི་པའི་ནང་ཨ་རིར་ཁྱུག་ཙམ་ཡོང་རྒྱུའི་གོ་སྐབས་བྱུང་སྐབས་ས་གནས་མང་པོ་ནས་མགྲོན་ཤོག་འབྱོར་བ་དང་།  ལྷག་པར་དུ་ནིའུ་ཡོག་དང་ནིའུ་ཇར་སིའི་བོད་རིགས་སྤྱི་མཐུན་ཚོགས་པས་ཕྱག་བྲིས་སྔ་རྗེས་གནང་སྟེ།  འདིར་ངེས་པར་དུ་ཡོང་དགོས་གསུངས་པ་བཞིན་ད་རེས་འདིར་བཅར་རྒྱུའི་གོ་སྐབས་བྱུང་།  འདི་ནི་བྱང་ཨ་རིའི་ནང་བཙན་བྱོལ་བོད་མིའི་མི་འབོར་མང་ས་ཞིག་ཆགས་ཡོད་པ་དང་།  སྤྱི་མཐུན་ཚོགས་པས་དབུས་པའི་སྒྲིག་འཛུགས་མང་པོ་ཞིག་གིས་ཕྱག་ལས་གནང་བཞིན་པའི་ས་གནས་ཤིག་རེད།  མང་ཚོགས་ལ་དབུ་མའི་ལམ་གྱི་སྲིད་བྱུས་དང་དོལ་རྒྱལ་སྐོར་གཏམ་བཤད་ཞུ་དགོས་ཞེས་གསུངས་པ་བཞིན་མང་ཚོགས་ཀྱི་ཐུགས་འདོད་དང་བསྟུན་ནས་མདོར་བསྡུས་ཤིག་ཞུ་རྒྱུའི་འབད་རྩོལ་ཞུ་རྒྱུ་ཡིན།

ཚང་མས་མཁྱེན་གསལ་ལྟར། ངས་དེང་སང་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ལས་དོན་གང་ཡང་འགན་འཁྱེར་གྱི་མེད་ཅིང་།  ལས་དོན་ཚང་མའི་ནང་ནས་རྒས་ཡོལ་ཐོན་ཟིན་པའི་མི་གཅིག་ཡིན་སྟབས། འདིར་གྲྭ་རྐྱང་སྒེར་གཅིག་གི་ངོ་བོའི་ཐོག་བཅར་བ་མ་གཏོགས། སྒྲིག་འཛུགས་གང་གིའང་སྐུ་ཚབ་མཚོན་གྱི་མེད། དེར་བརྟེན་ངས་ཞུས་པ་རྣམས་སྒེར་གྱི་བསམ་ཚུལ་ཁོ་ན་ཡིན།

ད་རིང་འདིར་སྙན་གསན་ཞུ་རྒྱུའི་བརྗོད་གཞི་གཉིས་ཀ་གལ་ཆེན་པོ་དང་།  གཏིང་ཟབ་པོ།  རྙོག་དྲྭ་ཚ་པོ་དེ་འདྲ་རེད།  དེར་བརྟེན་དུས་ཡུན་ཆུ་ཚོད་གཅིག་དང་ཕྱེད་ཀའི་ནང་གོང་གསལ་བརྗོད་གཞི་གཉིས་པོ་ཡོངས་སུ་རྫོགས་པ་དང་། མཐའ་ཆོད་པ་ཞིག་ཞུ་ཐུབ་ཐབས་མེད། ཕྱོགས་གཞན་ནས་བསམ་བློ་གཏང་ན། དེ་གཉིས་ཀ་ད་ལྟའི་བོད་པའི་སྤྱི་ཚོགས་ཁྲོད་གྲགས་ཆེ་བ་རེད་མ་གཏོགས།  མ་མཁྱེན་པ་དང་གནས་ཚུལ་གསལ་པོ་མེད་པའི་བརྗོད་གཞི་ཞིག་མིན། དེས་ན་དུས་ཚོད་ལ་དཔགས་པའི་དོན་གནད་གལ་ཆེ་བ་ཁ་ཤས་མདོར་བསྡུས་ཞུ་རྒྱུ་ཡིན།

དབུ་མའི་ལམ་གྱི་སྲིད་བྱུས་གཏན་ལ་ཕབ་ནས་ཕྱག་བསྟར་གནང་སྟེ་ད་ཆ་ཧ་ལམ་ལོ་ངོ་ ༤༠ བརྒལ་བ་འགྲོ་མུས་རེད།  འདས་པའི་ལོ་ངོ་ ༤༠ རིང་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་བརྒྱུད་ལམ་སྣ་ཚོགས་ཐོག་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཙམ་མ་ཟད།  འཇིག་རྟེན་ཁྱོན་ཡོངས་དང་།  དེ་བཞིན་གཞིས་བཞུགས་བོད་མི་དང་བཅས་པ་ཚང་མས་གནས་ཚུལ་གསལ་པོ་མཁྱེན་ཟིན་པ་དང་མཁྱེན་ཟིན་དགོས་པའི་གནས་སྟངས་ཤིག་ལས།  ད་དུང་ཡང་གནས་ཚུལ་གསལ་པོ་མ་མཁྱེན་པར་ལྷག་ཡོད་ན་བོད་མིའི་ཆབ་སྲིད་ཀྱི་ལས་འགན་ཆེན་པོ་ཞིག་མ་བསྒྲུབས་པ་ལྟ་བུ་ཞིག་ཆགས་ཀྱི་ཡོད།  བྱང་ཨ་རིར་གནས་སྡོད་བོད་མི་ཚོ་སྤྱི་ཡོངས་ཆ་ནས་བཙན་བྱོལ་བོད་མིའི་ནང་ནས་ཤེས་ཡོན་གནས་ཚད་ལེགས་ཤོས་གྲས་སུ་ངོས་འཛིན་བྱེད་ཆོག  དེར་བརྟེན་ངས་ཞིབ་ཕྲ་མ་ཞུས་ཀྱང་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་དམིགས་བསལ་ཐུགས་དྭོགས་མ་ཆོད་པ་དང་གོ་རྟོགས་མ་བྱུང་བ་དེ་འདྲ་མེད་ཚོད་རེད།  བཀའ་ཤག་རྙིང་པའི་ལས་དོན་མ་རྫོགས་གོང་གི་ལོ་ཤས་སྔོན་ནས་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་བྱུང་རིམ་དང་།  ངོ་བོ།  དགོས་པ།  དམིགས་ཡུལ།  ཕན་གནོད་གང་བྱུང་བ་རྣམས་ཞིབ་ཚགས་པོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་དང་བསྟུན་ནས་ཡིག་ཆ་གྲ་སྒྲིག་གིས་བོད་སྐད་དང་།  རྒྱ་སྐད།  ཨིན་སྐད། དེ་བཞིན་ནུབ་ཕྱོགས་ཀྱི་སྐད་ཡིག་ཁ་ཤས་ནང་འགྲེམས་སྤེལ་ཞུས་ཡོད།  འདིའི་ནང་མ་འདུས་པའི་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་གནས་ཚུལ་ལྷག་པ་ཕལ་ཆེར་མེད།  དེ་ཚོ་ཚང་མས་ཐུགས་ཞིབ་གནང་ཡོད་ཤག་རེད།   གལ་ཏེ་ཐུགས་ཞིབ་གནང་མེད་ན།  ཡིག་ཆ་དེ་དག་ཤོག་ཐོག་དང།  དྲྭ་རྒྱའི་ཐོག་ཏུའང་གཟིགས་ཐུབ།

འདིར་ངས་ས་བཅད་མ་སྟོང་ཙམ་གྱི་དོན་དུ་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་སྙིང་དོན་མདོར་བསྡུས་དང་། ཐག་གཅོད་དེ་ཡང་དག་པའི་མང་གཙོའི་ལམ་སྲོལ་གྱི་བརྒྱུད་རིམ་ནང་ནས་ཇི་ལྟར་བྱུང་བ། དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོས་རལ་གྲི་གནམ་གཡུག་གིས་བཙན་བཀའ་བཏང་བ་ལྟ་བུའམ།  ཡང་ན་སུ་ལའང་གྲོས་བསྡུར་མ་གནང་བར་སྐུ་རྐྱང་གིས་ཐག་གཅོད་གནང་བ་བཅས་མིན་པའི་སྐོར། ཉིན་གཉིས་གོང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་དོན་ཐོག་ཤོག་བུ་དཀར་པོ་ཞིག་བཏོན་ཡོད།  དེའི་ནང་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་གླེང་བརྗོད་ཁ་ཤས་བྱས་ཡོད།  དེ་ལ་གསལ་བཤད་བཅས་དོན་ཚན་གསུམ་ནང་བསྡུས་ཏེ་ཞུ་རྒྱུ་ཡིན། དུས་ཚོད་ལ་བསྟུན་ནས་འགྲོ་དགོས་པར་བརྟེན།  རྒྱས་བཤད་ཞུ་རྒྱུའི་གོ་སྐབས་མེད། འོན་ཀྱང་སྙན་གསན་ཞུས་པའི་རྗེས་སུ་དུས་ཚོད་ཕྲན་བུ་ལྷག་ན། དྲི་བ་དྲིས་ལན་དང་འགྲེལ་བརྗོད་གནང་རྒྱུའི་གོ་སྐབས་འབུལ་རྒྱུ་ཡིན།

དབུ་མའི་ལམ་གྱི་སྲིད་བྱུས་ནི་ཕྱི་ལོ་ ༡༩༥༩ ལོར་བོད་མི་རྣམས་རྒྱ་གར་དུ་བཙན་བྱོལ་འབྱོར་སྐབས་སུ་དགོངས་པར་ཡོད་པ་ཞིག་མིན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ས་ཁུལ་དུ་༸ཞབས་སོར་འཁོད་དེ་ཏེཛ་པུར་ལ་ཡོངས་ཁྱབ་ཀྱི་གསར་འགོད་གསལ་བསྒྲགས་གནང་བ་ནས་བཟུང་ཕྱི་ལོ་ ༡༩༧༤ ཡས་མས་བར་ལོ་བཅུ་བཞི་བཅོ་ལྔའི་རིང་བཙན་བྱོལ་གཞུང་མང་གཉིས་ཀའི་བསྒྲུབ་བྱ་དེ་ཕྱི་ལོ་ ༡༩༥༡ སྔོན་གྱི་བོད་རང་བཙན་གྱི་གནས་བབས་གང་ཡིན་པ་བསྐྱར་གསོ་གནང་རྒྱུའི་དམིགས་ཡུལ་བཟུང་སྟེ་འཛམ་གླིང་རྒྱལ་ཚོགས་ལ་སྙན་ཞུ་སྔ་ཕྱི་འབུལ་རྒྱུ་དང་།  རྒྱལ་སྤྱིའི་ནང་དྲིལ་བསྒྲགས་གནང་རྒྱུ།  གནས་ཚང་རྒྱ་གར་གཞུང་ལ་སྙན་གསན་ཞུ་རྒྱུ་བཅས་གནང་བ་རེད།  འོན་ཀྱང་དེའི་རིང་གི་ལོ་ལྔ་དྲུག་བདུན་བརྒྱད་ནང་རྒྱ་ནག་གི་གནས་སྟངས་དང་།  རྒྱལ་སྤྱིའི་གནས་སྟངས།  རྒྱ་གར་གྱི་གནས་སྟངས།  སྟོབས་ཆེན་རྒྱལ་ཁབ་ཁག་གི་གནས་སྟངས་བཅས་ཚང་མར་ཞིབ་འཇུག་ནན་པོ་གནང་བའི་རྗེས་སུ་ཕྱི་ལོ་ ༡༩༥༡ སྔོན་གྱི་གནས་བབས་བསྐྱར་གསོ་བྱ་རྒྱུའི་ལས་འགུལ་འདི་མདུན་བསྐྱོད་མི་ཐུབ་པ་དང་།  གྲུབ་འབྲས་འཐོན་རྒྱུ་མེད་པ་ཙམ་དུ་མ་ཟད།  བོད་ཀྱི་ཆོས་དང་རིག་གཞུང་། ལེགས་བྱང་། ལྷག་པར་དུ་བཙན་བྱོལ་བོད་མིའི་འཚོ་ཐབས་ཀྱི་གནས་སྟངས་སོགས་གང་ཅིའི་ཐོག་དོ་ཕོག་ཡོང་རྒྱུའི་གནས་ཚུལ་ཇི་སྙེད་ཅིག་གཟིགས་པའི་དབང་གིས་ང་ཚོའི་གཞུང་འབྲེལ་གྱི་སྲིད་བྱུས་ལ་སྙིང་སྟོབས་ཆེན་པོས་འགྱུར་བ་ཞིག་གཏོང་དགོས་པ་༸གོང་ས་༸སྐྱབས་མགོན་ཆེན་པོར་མ་འོངས་སྔོན་གཟིགས་ཀྱི་དགོངས་ཚུལ་དེ་བྱུང་བ་རེད།  དེས་ན་༸གོང་ས་མཆོག་གིས་ཕྱི་ལོ་ ༡༩༦༠ རེ་གྲངས་ནས་དགོངས་པ་མང་པོ་བཞེས་ཏེ་གཞུང་འབྲེལ་སྲིད་བྱུས་གསར་པ་ཞིག་གཏན་འབེབས་གནང་རྒྱུའི་ལས་རིམ་འགོ་འཛུགས་གནང་བ་རེད།  དེ་དུས་དབུ་མའི་ལམ་ཞེས་པའི་ཐ་སྙད་དེ་མེད་རུང་།  རང་བཙན་དང་རང་སྐྱོང་ཞེས་པའི་ཐ་སྙད་གཉིས་གདམ་ཁའི་ཚུལ་དུ་བེད་སྤྱོད་གནང་སྟེ།  རང་བཙན་རྩོད་རྒྱུའི་ཚབ་ཏུ་དོན་དང་ལྡན་པའི་རང་སྐྱོང་ཚད་ལྡན་ཞིག་ཡོང་ཐབས་བྱེད་ན་བཙན་བྱོལ་བོད་མིའི་གནས་སྟངས་དང་།  གཞིས་བཞུགས་བོད་མིའི་གནས་སྟངས་གཉིས་ཀར་འོས་ཤིང་འཚམས་པ་དང་།  རྒྱལ་སྤྱིའི་ནང་གོམ་པ་སྤོ་རྒྱུའི་ལམ་ཁ་ཡོད་པ་ཞིག་ཡོང་བའི་དགོངས་པ་བཞེས་པ་རེད།  ང་རང་སྒེར་ལྟ་བུར་མཚོན་ན།  ང་དེ་དུས་ཌལ་ཧོར་སློབ་གྲྭའི་སློབ་སྤྱི་ཡིན།  ཕྱི་ལོ་ ༡༩༦༨ ལོར་༸གོང་ས་མཆོག་ཌལ་ཧོར་དུ་༸ཞབས་སོར་འཁོད་སྐབས་སྲིད་བྱུས་གསར་པ་དེ་འདྲ་ཞིག་བསྐྱང་རྒྱུའི་དགོངས་བཞེད་ཡོད་སྐོར་རྒྱས་པ་ང་ལ་བཀའ་གནང་བྱུང༌།  དེ་ནས་ལོ་ལྔ་དྲུག་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མཛད་གཙོ་རྣམ་པ་དང་།  བཀའ་ཤག་གི་བཀའ་བློན་རྣམ་པ།  དེ་བཞིན་གྲོས་ལ་དབང་བའི་སྐྱེ་བོ་མང་པོའི་ལྷན་དུ་གོ་བསྡུར་གཏིང་ཟབ་གནང་བའི་མཇུག་འབྲས་སུ་ཕྱི་ལོ་ ༡༩༧༤ ལོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཛད་གཙོ་རྣམ་པ་དང་བོད་ཀྱི་གནད་དོན་སྐོར་བཀའ་མོལ་གནང་རྒྱུའི་གོ་སྐབས་བྱུང་བའི་ཉིན་མོ་དེར་རང་ཕྱོགས་ནས་རང་བཙན་གྱི་ཚབ་ཏུ་མིང་དོན་མཚུངས་པའི་རང་སྐྱོང་ཞིག་འབད་བརྩོན་བྱ་རྒྱུའི་སྲིད་བྱུས་དེ་གཏན་ལ་ཕབ་པ་ཡིན་ཞེས་གསུངས་ཏེ་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་མར་བྱུང་བ་རེད།  དེ་དུས་གྲོས་ཚོགས་དང་བཀའ་ཤག་གཉིས་ཀའི་བསམ་ཚུལ་བསྡུས་པའི་མཐའ་མའི་ཐག་གཅོད་དང་པོ་དེ་བྱུང་བ་རེད།  ཕྱི་ལོ་ ༡༩༧༤ ནས་ ༡༩༧༩ བར་དུ་སྲིད་བྱུས་འདི་ཡོངས་ཁྱབ་གསལ་བསྒྲགས་གང་ཡང་གནང་མེད།  འོན་ཀྱང་ཕྱི་ལོ་ ༡༩༧༩ ལོར་སྐབས་དེའི་རྒྱ་ནག་གི་དབང་ཚད་ལྡན་པའི་འགོ་འཛིན་ཏིང་ཤའོ་ཕིང་གིས་སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་བརྒྱུད་ནས་བོད་རྒྱའི་འབྲེལ་མོལ་གྱི་སྒོ་མོ་ཕྱེ་བ་ཡིན།  རང་བཙན་ལས་གཞན་པའི་གནས་ཚུལ་གང་འདྲ་ཡོད་ཀྱང་བཀའ་བསྡུར་ཐོག་ནས་ཐག་གཅོད་བྱེད་ཆོག་ཅེས་གྲོས་འགོ་བཏོན་པའི་སྐབས་སུ་ང་ཚོའི་ངོས་ནས་གཞི་ནས་གོ་བསྡུར་དང་བསམ་ཞིབ་བྱེད་མི་དགོས་པར།  དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཟུང་ཐད་ཀར་སྐུ་ཚབ་གཏོང་རྒྱུ་དང་གྲོས་མོལ་འགོ་འཛུགས་གནང་རྒྱུའི་གྲ་སྒྲིག་ཡོད་བཞིན་པའི་གནས་སྟངས་དེ་བྱུང་བ་རེད།  དེ་ནས་ང་ཚོས་རང་བཙན་རྩོད་ལེན་མི་བྱེད་རྒྱུ་དང་མིང་དོན་མཚུངས་པའི་རང་སྐྱོང་ཞིག་བྱུང་ན་ང་ཚོས་བཀའ་བསྡུར་ཞུ་རྒྱུ་ཡིན་ཞེས་ཕྱི་ལོ་ ༡༩༧༩ ནས་ ༡༩༩༩ བར་ལོ་མང་པོའི་རིང་ང་ཚོའི་ངོས་ནས་སྔ་ཕྱི་བསྡོམས་པའི་གཟིགས་སྐོར་ཚོགས་པ་དང་སྐུ་ཚབ་ཚོགས་པ་ཐེངས་ཉི་ཤུ་ཡས་མས་ཕེབས་ཡོད་པ་དང༌།  རྒྱ་ནག་རང་གི་གཞུང་འབྲེལ་གྱི་ཡིག་ཆར་མཚོན་ན་འབྲེལ་མོལ་སྐུ་ཚབ་ཐེངས་བཅུ་གསུམ་ཕེབས་ཡོད། འོན་ཀྱང་དོན་སྙིང་ལྡན་པའི་གྲུབ་འབྲས་གང་ཡང་བྱུང་མེད།  དེའི་རིང་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་རྒྱབ་ལྗོངས་ཀྱི་འཆར་སྣང་གི་ཚུལ་དུ་ཕྱི་ལོ་ ༡༩༨༧ ལོར་ཞི་བའི་དོན་ཚན་ལྔ་ཨ་རིའི་གྲོས་ཚོགས་ནང་གསལ་བསྒྲགས་བསྐྱངས་པ་དང་།  ཕྱི་ལོ་ ༡༩༨༨ ལོར་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་འགྲེལ་བརྗོད་རྒྱས་པ་ཞིག་སི་ཏྲས་སི་སྦག་གསུང་བཤད་དམ་སི་ཏྲས་སི་སྦག་གི་ལས་འཆར་ཚུལ་དུ་གནང་ཡོད། སི་ཏྲས་སི་སྦག་གི་འགྲེལ་བརྗོད་རྒྱས་པ་མ་གནང་གོང་གི་ལོ་དེའི་ཕྱི་ཟླ་ ༦ པའི་ནང་ཉིན་བཞིའི་རིང་རྡ་རམ་ས་ལར་དམིགས་བསལ་ཚོགས་ཆེན་བསྐོང་ཚོགས་གནང་སྟེ།  སྤྱི་འཐུས་རྣམ་པ་དབུ་བཞུགས་ཐོག་ནས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་།  གཞུང་ཞབས་ལས་བྱེད་རྣམ་པ་བཅས་བོད་ཕྱི་ནང་གི་སྐུ་ཚབ་མཚོན་ཐུབ་པའི་ཚོགས་མི་ ༢༠༠ ཡས་མས་ཀྱིས་ཉིན་ནས་ཉིན་བསྟུད་གོ་བསྡུར་གནང་སྟེ་སི་ཏྲས་སི་སྦག་གི་གསུང་བཤད་ནང་གི་དབུ་མའི་ལམ་གྱི་སྙིང་དོན་གྱི་སྲིད་བྱུས་ཐོག་ཞིབ་ཚགས་འགྲེལ་བརྗོད་གནང་བ་དེར་སྤྱི་མོས་ཀྱིས་མོས་མཐུན་ཞུས་ཡོད།  འདི་ནི་མང་གཙོའི་བརྒྱུད་རིམ་ནང་ནས་དབུ་མའི་ལམ་གྱི་ཐག་གཅོད་དང་པོ་ཡིན་པར་ངོས་འཛིན་ཞུ་ཆོག

སྐབས་དེ་དུས་ང་ཚོས་ངེས་པར་དུ་ཐུགས་དྲན་གསོས་དགོས་པ་ཞིག་ལ།  སྤྱི་མོས་ཐོག་ནས་སི་ཏྲས་སི་སྦག་གསུང་བཤད་ལ་རྒྱབ་གཉེར་ཞུས་པའི་སྐབས་སུ་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཡོངས་རྫོགས་སྐབས་དེར་ཡོད།  ཚོགས་པ་དེ་དག་ནང་མཐའ་གཅིག་ཏུ་རང་བཙན་གྱི་དམིགས་ཡུལ་བཟུང་མཁན་ཡང་ཡོད་ལ།  དམིགས་བསལ་རང་བཙན་དང་རང་སྐྱོང་གི་ཁྱད་པར་མི་འབྱེད་མཁན་ཡང་ཡོད།  དེ་བཞིན་མཐའ་གཅིག་ཏུ་དབུ་མའི་ལམ་ལ་ཕེབས་མཁན་ཡང་ཡོད།  ཡིན་ནའང་སྐབས་དེར་ཚོགས་ཆེན་དུ་ཚོགས་ཞུགས་གནང་མཁན་ཁོངས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སུས་ཀྱང་སི་ཏྲས་སི་སྦག་གི་གསུང་བཤད་ལ་མོས་མཐུན་དང་རྒྱབ་སྐྱོར་མི་ཞུ་མཁན་བྱུང་མེད།  དེར་བརྟེན་སྐབས་དེར་ང་ཚོའི་བསམ་བློའི་ནང་༸གོང་ས་མཆོག་གིས་ལམ་སྟོན་གནང་བའི་དབུ་མའི་ལམ་གྱི་སྲིད་བྱུས་སི་ཏྲས་སི་སྦག་གསུང་བཤད་ནང་གང་གསལ་བ་དེར་གཞིས་བྱེས་བོད་མིའི་སྐུ་ཚབ་མཚོན་པའི་ཚོགས་ཆེན་ནང་སྤྱི་མོས་བྱུང་བ་དེ་གཟི་བརྗིད་ཆེན་པོ་རེད་སྙམ་པ་བྱུང་སོང༌།  ལྷག་པར་རྒྱུན་དུ་རང་སྐྱོང་གི་གནས་བབས་ལ་ཐུགས་མོས་མ་གནང་མཁན་ཚོས་སྐབས་དེར་སྦྱངས་བཤད་མཐིལ་ཕྱིན་གནང་རྗེས་ཐུགས་མོས་གནང་བ་དེ་རྣམ་དཔྱོད་ལྡན་པའི་མིའི་འགྲོ་སྟངས་ཤིག་དང་། རྒྱུ་མཚན་དང་འགྲེལ་བརྗོད་འགྲོ་ས་ཡོད་པའི་གནས་སྟངས་ཤིག་ཆགས་པ་དེ་ཡང་གཟི་བརྗིད་ཆེན་པོ་ཡིན་པ་སྐབས་དེར་དྲན་མྱོང་ཡོད།  གང་ཡིན་ཞུ་ན།  སྐབས་དེར་ཚོགས་འདུའི་ནང་ང་ཡང་བཅར་རྒྱུའི་གོ་སྐབས་བྱུང།  དེ་ལྟར་འབྲེལ་མོལ་དབུ་འཛུགས་གནང་རྗེས་དམིགས་བསལ་གྱི་དོན་སྙིང་ལྡན་པ་གང་ཡང་མ་བྱུང་བ་དང་། ལྷག་པར་དུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངོས་ནས་སི་ཏྲས་སི་སྦག་གི་གསུང་བཤད་འབྲེལ་མོལ་གྱི་གྲོས་གཞིར་འགྲིག་ཐབས་མེད་པ་མཐའ་གཅིག་ཏུ་ཚིག་ཐག་ཆོད་པོས་ཞུས་པར་བརྟེན།  ཕྱི་ལོ་ ༡༩༩༢ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོས་སི་ཏྲས་སི་སྦག་གི་གསུང་བཤད་རང་བཞིན་གྱི་ནུས་མེད་ཕྱིན་པར་བརྟེན།  མ་འོངས་པའི་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་སྲིད་བྱུས་གང་འདྲ་གཟུང་དགོས་མིན་ངེས་པར་དུ་མང་མོས་ཐག་གཅོད་འོས་བསྡུའི་ལམ་ནས་ཐག་གཅོད་གནང་དགོས་ཞེས་བཀའ་ཕེབས་པ་རེད། སྐབས་དེར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་ལ་ཕབ་ཟིན་པར་བརྟེན།  དེ་གཞིར་བཟུང་མང་མོས་ཐག་གཅོད་འོས་བསྡུའི་ལས་རིམ་འགོ་འཛུགས་ཞུས་པ་རེད།  འདིའི་ནང་གཞིས་བཞུགས་བོད་མི་རྣམས་ནས་དགོངས་ཚུལ་གང་ཐུབ་བརྒྱུད་ལམ་སྣ་ཚོགས་ནས་སྡུད་ཐབས་ཞུས་པ་མ་ཟད། བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་དང་སྡོད་སྒར་ཁག་ཚང་མའི་སྐུ་ཚབ་ཡོད་པའི་ཚོགས་ཆེན་ཞིག་བསྐྱར་ཚོགས་ཀྱིས་བསམ་འཆར་ཡིག་ཐོག་འབུལ་མཁན་དང་།  ཕྱོོགས་མཚུངས་དངོས་སུ་ཚོགས་འདུར་ཕེབས་ནས་དགོངས་འཆར་གནང་མཁན། གཞིས་བཞུགས་བོད་མི་ཚོས་བརྒྱུད་ལམ་སྣ་ཚོགས་ཐོག་ནས་ཞུ་ལན་འབུལ་མཁན་ཚང་མ་ཕྱོགས་བསྡོམས་ཀྱིས་རྩིས་རྒྱག་སྐབས། བརྒྱ་ཆ་ ༦༤ དང་གྲངས་ཆུང་ཁ་ཤས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་རང་འཇགས་སམ། ཡང་ན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤེས་དབྱིངས་དཔྱད་གང་རུང་གནང་རྒྱུར་མོས་མཐུན་བྱུང་བ་དངོས་ཡོད་གནས་སྟངས་རེད། ང་ཚོས་བརྒྱ་ཆ་ ༦༤ ཞུས་པ་འདི་དངོས་ཡོད་རེད་མ་གཏོགས།  ཚོད་དཔག་གང་ཡང་མིན། བཙན་བྱོལ་དང་གཞིས་བཞུགས་གཉིས་ཀ་ནས་འབྱོར་བའི་དགོངས་འཆར་ཡིག་ཆ་ཡོངས་རྫོགས་བཙན་བྱོལ་བོད་མིའི་ཡིག་མཛོད་ནང་ད་ལྟའང་གཟིགས་རྒྱུ་ཡོད།  ཚོགས་འདུར་དངོས་སུ་ཕེབས་མཁན་གྱིས་དགོངས་འཆར་གང་གནང་བ་དང་།  སོ་སོའི་ཡོང་ཁུངས་ས་གནས་ཁག་གི་དགོངས་འཆར་གང་ཡོད་པ་དེ་ཚོ་མང་ཆེ་བ་ཡིག་ཐོག་ཡོད་པ་དང་།  ཡིག་ཐོག་དང་ངག་ཐོག་ནས་གསུངས་པ་ཆ་ཚང་ཚོགས་དྲུང་དང་རྩིས་པ་མི་གྲངས་བཞི་ལྔ་ཞིག་མཉམ་རུབ་ཀྱིས་ཉིན་གཉིས་གསུམ་རིང་ཞིབ་འཇུག་བྱས་པའི་མཐའ་མ་དེ་ལ་བརྒྱ་ཆ་ ༦༤ འདི་བྱུང་བ་རེད།  ད་ལྟའང་དེ་ཚོའི་སྐོར་སླར་ཡང་བསྐྱར་ཞིབ་གནང་ན། བོད་མིའི་སྒྲིག་འཛུགས་ཀྱི་ཡིག་མཛོད་ཁག་གི་ནང་ངེས་པར་དུ་བསྐྱར་ཞིབ་གནང་རྒྱུའི་གཞི་རྩའི་ཡིག་ཆ་ཁག་ཏན་ཏན་བསྡད་ཡོད་ཀྱི་རེད་བསམ་གྱི་འདུག  ཡིན་ནའང་དེང་སང་ཁ་ཤས་ཀྱིས་བརྒྱ་ཆ་ ༦༤ ཟེར་བ་དེ་ཚོད་དཔག་ཡིན་པ་དང་།  དངོས་ཡོད་ཀྱི་གནས་སྟངས་གཅིག་ནས་གཉིས་སུ་བགྲངས་པའི་གནས་ཚུལ་དེ་འདྲ་བྱུང་མེད་པ་གསུང་མཁན་བར་ལམ་ནས་བྱུང་སོང་ལ།  ང་རང་གིས་ཀྱང་གོ་བྱུང་། གསུང་མཁན་ཡང་གང་ཟག་གང་བྱུང་མ་བྱུང་མ་ཡིན་པར།  སྐབས་དེ་དུས་ལས་ཀྱི་སྣེ་ལ་ཡོད་པ་དང་ཚོགས་འདུའི་ནང་ཆ་ཤས་བཞེས་མཁན་གྱི་རིགས་ནས་གསུང་མཁན་དེ་འདྲ་བྱུང་སོང་།  དེ་ཚོ་ནི་ཐུགས་འགན་མ་བཞེས་པའི་བཀའ་མོལ་ལྟ་བུ་རེད།  དེ་ལས་སྐབས་དེ་དུས་ཀྱི་གནས་ཚུལ་གསལ་པོ་མ་ཤེས་མཁན་བོད་རིགས་ན་གཞོན་མང་པོ་དབུ་འཁྲུག་རྒྱུའི་ཉེན་ཁ་ཡོད་པ་ཞིག་རེད།  དེ་ཚོ་འོལ་ཚོད་ཐོག་ནས་བཟོས་པ་རྩ་བ་ནས་མིན་པ་དང་།  དངོས་ཡོད་གནས་སྟངས་ཡིན་པ་བསྐྱར་ལྡབ་ཀྱིས་ཞུ་འདོད་བྱུང་།  དེའི་ནང་གི་བརྒྱ་ཆ་ ༦༤ དགོངས་ཚུལ་བྱུང་བ་གཞི་རྩར་བཞག་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༡༩༩༧ ཟླ་ ༩ པའི་གྲོས་ཚོགས་ནང་ཚོགས་ཆེན་གྱི་དགོངས་འཆར་དང་།  ཡིག་ཐོག་ཏུ་ཡོད་པའི་དགོངས་འཆར་བཅས་བསྐྱར་ཞིབ་ཀྱིས་བགྲོ་གླེང་མཐར་ཕྱིན་གནང་རྗེས་ཕྱི་ཟླ་ ༩ ཚེས་ ༡༨ ཉིན་སྤྱི་མོས་གྲོས་ཆོད་བཞག་ཡོད།  བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནི་གཞིས་བྱེས་བོད་མི་ཡོངས་ཀྱི་སྐུ་ཚབ་མཚོན་པའི་སྒྲིག་འཛུགས་ཁྱད་པར་བ་ཞིག་ཡིན་པ་ཚང་མས་ངོས་འཛིན་ཞུ་གི་ཡོད།  སྤྱི་མོས་གྲོས་ཆོད་དེའི་ནང་མ་འོངས་པའི་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་སྲིད་བྱུས་གང་འདྲ་ཞིག་བཟུང་དང་མི་བཟུང་༸གོང་ས་༸སྐྱབས་མགོན་ཆེན་པོས་རྒྱལ་སྤྱིའི་གནས་བབས་དང་རྒྱལ་ནང་གི་གནས་བབས་ལ་གཟིགས་ཏེ་དུས་ནས་དུས་སུ་ཡེ་ཤེས་དབྱིངས་དཔྱད་ཀྱིས་ཐག་གཅོད་གནང་སྐྱོང་ཡོང་བ་དང་།  ༸གོང་ས་མཆོག་གིས་ཐག་གཅོད་གང་གནང་བ་དེ་ལ་མང་མོས་ཐག་གཅོད་འོས་བསྡུའི་ལམ་ནས་ཐག་ཆོད་པ་དང་གནས་ཚད་མཚུངས་པར་ངོས་འཛིན་ཞུ་རྒྱུའི་སྤྱི་མོས་གྲོས་ཆོད་བཞག་སྟེ་འབུལ་ལམ་ཞུས་པ་རེད།  སྤྱི་མོས་གྲོས་ཆོད་དེ་ལ་བརྟེན་ནས་ཕྱི་ལོ་ ༡༩༩༨ གསུམ་བཅུའི་དུས་དྲན་གྱི་༸གོང་ས་མཆོག་གི་གསུང་འཕྲིན་ནང་དམིགས་བསལ་ཚོགས་ཆེན་དང་སྤྱི་འཐུས་གྲོས་ཚོགས་ཀྱི་སྤྱི་མོས་གྲོས་ཆོད་ཀྱི་དགོངས་དོན་གཞིར་བཟུང་༸གོང་ས་མཆོག་གིས་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་མཐུད་གནང་རྒྱུའི་བཀའ་ཕེབས་ཡོད།  དེ་ནི་མང་ཚོགས་དང་གྲོས་ཚོགས་ཀྱིས་འགན་ཁྱེར་བའི་ཐོག་ནས་ཆ་ཤས་བླངས་ཏེ་ཐག་གཅོད་བྱས་པའི་རིམ་པ་གཉིས་པ་དེ་ལྟར་བྱུང་བ་རེད་ཞུ་རྒྱུ་ཡིན།

ཕྱི་ལོ་ ༢༠༠༢ ནས་འབྲེལ་མོལ་བསྐྱར་གསོ་བྱུང་བའི་རྗེས་སུ་རིམ་པས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བསམ་ཚུལ་དང་དྭོགས་པ་རྣམ་རྟོག་གང་ཡོད་པ་ང་ཚོས་ཞིབ་ཚགས་པོས་ཤེས་པའི་ཐོག་ནས་དབུ་མའི་ལམ་གྱི་ནང་དོན་གྱི་ཞིབ་ཚགས་གནས་སྟངས་ལ་འགྱུར་བ་གང་ལ་གང་འཚམས་ཕྱིན་ཡོད།  གོང་དུ་ཞུས་པ་བཞིན་སི་ཏྲས་སི་སྦག་གི་གསུང་བཤད་ནང་ཡོད་པ་རྣམས་རང་བཞིན་ནུས་མེད་དུ་ཕྱིན་ཟིན།  དེ་རྗེས་ང་ཚོས་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ནང་དོན་གྱི་ཞིབ་ཚགས་གནས་སྟངས་རྣམས་ ༢༠༠༥ དང་ ༢༠༠༦ བར་དུ་གསལ་པོ་གང་ཡང་བཟོས་པ་བྱུང་མེད།  སླར་ཡང་ ༢༠༠༨ ལོར་བོད་ཕྱི་ནང་དུ་གནས་ཚུལ་མང་པོ་ཞིག་བྱུང་བའི་ཉེར་ལེན་དང་།  འགྲོ་བཞིན་པའི་བོད་རྒྱ་འབྲེལ་མོལ་ཡང་དེ་ཙམ་གྱི་མདུན་བསྐྱོད་མ་ཐུབ་པ།  སྤྱི་ཚོགས་ཀྱི་ནང་དུའང་སྐབས་དེར་རྒྱལ་སྤྱིའི་ནང་བྱུང་བའི་ལས་འགུལ་དང་བོད་ནང་དུ་བྱུང་བའི་ལས་འགུལ་མང་པོ་ཞིག་གི་གནས་སྟངས་ལ་བལྟས་ནས་མ་འོངས་བོད་ཀྱི་བདེན་མཐའ་གསལ་ཐབས་ཀྱི་སྲིད་བྱུས་སྐོར་ལ་བསྐྱར་ཞིབ་དགོས་རྒྱུའི་དགོངས་ཚུལ་ཤུགས་ཆེ་བྱུང་བར་བརྟེན།  ༢༠༠༨ ཕྱི་ཟླ་ ༡༡ ནང་བསྐྱར་དུ་ཉིན་དྲུག་རིང་དྷ་རམ་ས་ལར་བཅའ་ཁྲིམས་དོན་ཚན་ ༥༩ ཆ་རྐྱེན་འོག་དམིགས་བསལ་ཚོགས་ཆེན་ཚོགས་མི་ ༦༠༠ ཙམ་ཡོད་པ་ཞིག་བསྐོང་ཚོགས་གནང་སྟེ།  དེའི་སྐབས་སུའང་བོད་ནང་ནས་གཞིས་བཞུགས་བོད་མི་ཚོའི་དགོངས་ཚུལ་བསྡུ་རུབ་བྱེད་རྒྱུའི་ཐབས་ཤེས་དངོས་ཤུགས་བརྒྱུད་གསུམ་ནས་གནང་ཡོད།  ཚོགས་ཆེན་དེར་དགོངས་ཚུལ་མི་མཐུན་པའི་ཆབ་སྲིད་ཀྱི་ལྟ་གྲུབ་བཟུང་མཁན་ཡོངས་སུ་རྫོགས་པའི་སྐུ་ཚབ་མ་ཚང་བ་མེད་པ་ཕེབས་ཡོད།  དེ་དུས་ང་བཀའ་ཤག་ནང་ཡོད་མུས་རེད། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོས་བཀའ་ཤག་ལ་དམིགས་བསལ་བཀའ་མངགས་གནང་སྟེ།  ད་རིང་ཚོགས་འདུའི་ནང་ཕྱི་ནས་ཕེབས་མཁན་གྱི་ཚོགས་འཐུས་རྣམ་པའི་དགོངས་འཆར་གཙོ་འདོན་གནང་རྒྱུའི་གོ་སྐབས་འབུལ་དགོས་པ་དང་།  བཀའ་ཤག་གི་ངོས་ནས་སྲིད་བྱུས་འདི་འདྲ་ཞིག་བཟུང་ན་ཡག་པོ་ཡོད་སྐོར་མང་ཚོགས་ནང་གཏམ་བཤད་བྱེད་རྒྱུ་དང་བརྒྱུད་སྐུལ་བྱེད་རྒྱུ་གང་ཡང་མི་ཆོག་པ།  མཐའ་མའི་ཐག་གཅོད་གང་འདྲ་ཞིག་ལ་ཕྱིན་ཡང་བཙན་བྱོལ་སྒྲིག་འཛུགས་ཀྱིས་ཁས་ལེན་བྱེད་རྐྱང་ཐོག་ནས་འགྲོ་རྒྱུ་མ་གཏོགས། དེ་ལ་ཐེ་ཚོམ་ནེམ་ནུར་གང་ཡང་བྱེད་རྒྱུ་མེད་པའི་བཀའ་གསལ་པོ་གནང་སོང་།  དེ་དོན་གཞིར་བཟུང་ཚོགས་འདུ་ཉིན་དྲུག་རིང་ཚོགས་ཆེན་དང་ཚོགས་ཆུང་ཁག་ནང་བསྐྱར་ཞིབ་དང་གོ་བསྡུར་ཡག་པོ་བྱུང་བ་རེད།  ཚང་མས་དགོངས་ཚུལ་རྒྱུ་མཚན་དང་བཅས་པའི་ཐོག་ནས་གསུང་རྒྱུའི་གོ་སྐབས་བྱུང་བ་རེད།  ཡིན་ཡང་མཐའ་མའི་བསྡོམས་བརྒྱབ་པའི་སྐབས་སུ་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་སྐྱོང་བྱེད་རྒྱུའི་ཐུགས་འདོད་གནང་མཁན་བརྒྱ་ཆ་ ༨༠ བརྒལ་བའམ་བརྒྱ་ཆ་ ༨༢།༨༣ བར་དུ་བྱུང་ཡོད།  དེ་མང་ཚོགས་དང་གྲོས་ཚོགས་ཀྱིས་མང་གཙོའི་བརྒྱུད་ལམ་ཐོག་ནས་གཏན་འབེབས་གནང་བའི་རིམ་པ་གསུམ་པ་དེ་རེད།

དེ་རྗེས་བསྐྱར་དུ་ ༢༠༡༠ ཕྱི་ཟླ་ ༣ ཚེས་ ༢༠ ཉིན་གྲོས་ཚོགས་ནང་༸གོང་ས་༸སྐྱབས་མགོན་ཆེན་པོའི་གསུང་འཕྲིན་ལ་ཐུགས་རྗེ་ཆེ་ཞུའི་གྲོས་འཆར་དང་།  དམིགས་བསལ་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་བོད་རྒྱ་འབྲེལ་མོལ་སྐོར་སྤྱི་འཐུས་ལྷན་ཚོགས་ཀྱིས་གསན་ཞིབ་གནང་རྗེས་སྤྱི་མོས་གྲོས་ཆོད་ཅིག་བཞག་ཡོད།  དེའི་ནང་དུའང་༸གོང་ས་༸སྐྱབས་མགོན་ཆེན་པོས་ད་ལྟ་བར་དུ་གང་འཛིན་གནང་བའི་དབུ་མའི་ལམ་གྱི་སྲིད་བྱུས་དེ་རང་མུ་མཐུད་དེ་གྲོས་ཚོགས་ཀྱིས་སྤྱི་མོས་རྒྱབ་སྐྱོར་ཡོད་ཅེས་གསུངས་པ་དེ་རིམ་པ་བཞི་པ་རེད།

དེ་རྗེས་ཚོགས་ཆེན་མང་པོ་ཚོགས་ཡོད།  དེ་ཚོ་ཚང་མའི་ནང་དུའང་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་མ་གཏོགས། དགག་བྱ་གནང་མཁན་བྱུང་མེད།  དེར་བརྟེན་དབུ་མའི་ལམ་གྱི་སྲིད་བྱུས་ནི་མང་ཚོགས་དང་མང་ཚོགས་ཀྱི་སྐུ་ཚབ་མཚོན་པའི་གྲོས་ཚོགས་ཀྱིས་ཧོལ་རྒྱུག་མ་ཡིན་པར།  ཞིབ་འཇུག་དང་བཀའ་བསྡུར་ཆ་ཚང་གནང་བའི་རྗེས་སུ་བསམ་བཞིན་དུ་ཤེས་བཞིན་དུ་གནང་བའི་མང་གཙོའི་ཐག་གཅོད་ཅིག་ཡིན་པར་མི་མང་བརྒྱ་ཆ་མང་ཤོས་ཀྱིས་ཁ་ཞེ་གཉིས་མེད་ཀྱིས་ཡིད་ཆེས་ཞུ་ས་ཞིག་ཡིན་པ་དེ་ང་ཚོས་འདོད་ཀྱང་རུང་མ་འདོད་ཀྱང་རུང་དངོས་ཡོད་གནས་ཚུལ་དེ་རང་རེད།  དེར་བརྟེན་དབུ་མའི་ལམ་གྱི་སྲིད་བྱུས་འདི་༸རྒྱལ་བ་རིན་པོ་ཆེ་སྐུ་རྐྱང་གིས་ཐག་གཅོད་གནང་ནས་མར་བཙན་དབང་གིས་བསྐུལ་བ་ལྟ་བུ་དང་།  ཡང་ན་བཀའ་ཤག་གི་མི་ཉུང་ཤས་ཤིག་གིས་རང་འཚམས་ཀྱི་ཐག་བཅད་པ་ཞིག་མིན་པ་དེ་མང་ཚོགས་ཀྱིས་གསལ་པོ་མཁྱེན་དགོས་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད་བསམ་གྱི་འདུག དེ་དག་ནི་བྱུང་རིམ་རེད།

དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ངོ་བོ་གང་རེད་ཅེ་ན།  དབུ་མའི་ལམ་ཞེས་པ་དེ་མཐའ་གཉིས་དང་བྲལ་བ་ཞིག་ཡིན་པ་ང་ཚོས་རྒྱུན་ལྡན་དུ་བརྗོད་མུས་རེད།  དེའི་མཐའ་གཉིས་ནི་རྒྱ་ནག་ནས་ཁ་བྲལ་དུ་ཕྱིན་ནས་བོད་རང་བཙན་བསྐྱར་གསོ་བྱེད་རྒྱུའི་མཐའ་གཅིག་དང་།  ད་ལྟའི་བོད་ནང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་དབང་བསྒྱུར་བྱེད་སྟངས་གང་འདྲ་ཡོད་པ་དེ་རང་འཇགས་བསྡད་རྒྱུ་དེ་མཐའ་གཉིས་པ་རེད།  ད་ལྟའི་གནས་བབས་ལ་ངོས་ལེན་མེད་པ་དང་།  ཁ་བྲལ་ཡང་རྩོད་རྒྱུ་མིན་པ་དེ་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ཆབ་སྲིད་ཀྱི་ངོ་བོ་དེ་རེད།  ཁ་བྲལ་མ་ཕྱིན་པར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོངས་སུ་སྡོད་སྟངས་ལ་འདྲ་མིན་ཁ་ཤས་བྱུང་ཡོད།  ཐོག་མར་ཚད་མཐོའི་རང་སྐྱོང་དང་།  དམིགས་བསལ་འཛིན་སྐྱོང་གི་ས་ཁུལ།  རྒྱལ་ཁབ་གཅིག་ལ་ལམ་སྲོལ་གཉིས་ཀྱི་ལྟ་གྲུབ་འོག་ནས་དམིགས་ཡུལ་བཟུང་བ་རེད།  འོན་ཀྱང་འབྲེལ་མོལ་རིམ་པར་བྱུང་བའི་རྗེས་སུ་ཕྱི་ལོ་ ༢༠༠༧།༢༠༠༨།༢༠༠༩ བཅས་ཀྱི་སྐབས་སུ་གསུམ་བཅུའི་དུས་དྲན་གྱི་༸གོང་ས་༸མཆོག་གི་གསུང་འཕྲིན་ཁག་ལ་གཟིགས་ན་གནས་ཚུལ་གཞན་གང་ཡང་མི་དགོས་པར།  རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ད་ལྟ་ལག་ལེན་བསྟར་བཞིན་པའི་རྩ་ཁྲིམས་ནང་མི་རིགས་ས་གནས་རང་སྐྱོང་གི་ཆ་རྐྱེན་གང་ཡོད་པ་དེ་གཅིག་ཀྱང་མ་ལུས་པ་ཆ་ཚང་ལག་བསྟར་དགོས་རྒྱུ་འདི་ནི་དབུ་མའི་ལམ་གྱི་ཞིབ་ཚགས་གནད་དོན་སྙིང་པོ་དེ་ཡིན།  རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྩ་ཁྲིམས་དང་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་གཉིས་ཀའི་ནང་གྲངས་ཉུང་མི་རིགས་ལ་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་ཐོབ་ཐང་ཡོད་པ་རྣམས་ད་བར་བརྒྱ་ཆ་ཁ་ཤས་ཀྱང་ལག་ལེན་དུ་བསྟར་མེད།  དེ་བརྒྱ་ཆ་བརྒྱ་ཐམ་པ་ལག་ལེན་དུ་བསྟར་དགོས་རྒྱུ་དང་།  དེ་ཡང་ཁྲིམས་དང་མཐུན་པའི་ཐོག་ནས་ལག་བསྟར་བྱེད་དགོས་རྒྱུ། ལག་བསྟར་བྱེད་ཕྱོགས་གང་འདྲ་ཡིན་པ་ང་ཚོས་གསལ་པོ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་ཞེས་པ་དེའི་ནང་ཞིབ་ཚགས་བཀོད་ཡོད།  དེར་བརྟེན་དབུ་མའི་ལམ་ཞེས་པའི་མཐའ་གཉིས་འབྲལ་སྟངས་དེ་འདྲ་རེད།

དེའི་རྗེས་སུ་དབུ་མའི་ལམ་གྱི་སྲིད་བྱུས་མཉམ་དུ་དོར་དུ་མི་རུང་བའི་ཡན་ལག་གི་ཆ་རྐྱེན་གཉིས་བཞག་ཡོད།  ཡན་ལག་གི་ཆ་རྐྱེན་དང་པོ་དེ་ཆོལ་གསུམ་བོད་རིགས་ཡོངས་རྫོགས་འཛིན་སྐྱོང་སྒྲིག་འཛུགས་གཅིག་གི་འོག་ཏུ་དགོས་རྒྱུ་དེ་རེད།  གང་ལྟར་ཆོལ་ཁ་གསུམ་གྱི་མི་སུའང་ས་ཁྱོན་དང་མི་འབོར་གང་ཡང་ཕྱི་ལ་མ་ལྷག་པར་མི་རིགས་ས་གནས་རང་སྐྱོང་གི་སྒྲིག་འཛུགས་འདིའི་ནང་ཡོངས་རྫོགས་ཚུད་དགོས་པ།  ཆོལ་གསུམ་ཁ་བྲལ་དུ་མི་འགྲོ་བ་དེ་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་དམིགས་ཡུལ་གྱི་ནང་ནས་གལ་ཆེ་ཤོས་ཤིག་ཆགས་ཡོད།  གལ་ཏེ་རང་བཙན་རྩོད་ལེན་བྱེད་རྒྱུའི་ལས་རིམ་མུ་མཐུད་ཕྱིན་ན།  ང་ཚོས་རང་བཙན་རྩོད་རྒྱུའི་ཐོབ་ཐང་དེ་གང་འདྲ་ཞིག་ཆགས་ཀྱི་ཡོད་དམ།  ཕྱི་ལོ་ ༡༩༥༡ ལོར་གྲོས་མཐུན་དོན་ཚན་བཅུ་བདུན་འོག་བོད་རང་བཙན་ཤོར་བ་རེད།  བོད་རང་བཙན་ཤོར་བའི་སྐབས་སུ་དགའ་ལྡན་ཕོ་བྲང་གི་མངའ་ཁོངས་རང་བཙན་གྱི་རྒྱལ་ཁབ་ཀྱི་ཆ་ཤས་སུ་ཡོད་པའི་བོད་རིགས་ག་ཚོད་ཡོད་དམ།  མི་འབོར་གྱི་ཆ་ནས་བརྒྱ་ཆ་ ༤༥།༤༦ ལས་མེད། ས་ཁྱོན་གྱི་ཆ་ནས་ཧ་ལམ་ ༣༧།༣༨ མ་གཏོགས་མེད།  གང་ལྟར་ད་ལྟ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་འོག་བོད་རང་སྐྱོང་ལྗོངས་ཟེར་བ་དེའི་ས་ཁུལ་དང་མི་འབོར་མ་གཏོགས་ལྷག་གི་མེད།  གལ་ཏེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་སུ་མི་རིགས་ས་གནས་རང་སྐྱོང་གི་གནས་བབས་ལོངས་སུ་སྤྱོད་རྒྱུའི་ཕྱོགས་སུ་འབད་བརྩོན་བྱེད་ཚེ།  བོད་རིགས་ཡོངས་སུ་རྫོགས་པ་དེ་ད་ལྟའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲངས་ཉུང་མི་རིགས་ ༥༥ ཡོད་པའི་ནང་ནས་གཅིག་རེད།  དེ་དག་ཚང་མ་འཛིན་སྐྱོང་གཅིག་གི་འོག་འགྲོ་དགོས་རྒྱུ་དེ་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་དོར་དུ་མི་རུང་བའི་ཆ་རྐྱེན་གཅིག་རེད།

དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་དོར་དུ་མི་རུང་བའི་ཆ་རྐྱེན་གཞན་ནི།  དབུ་མའི་ལམ་གྱི་སྲིད་བྱུས་སྒྲུབ་པའི་ཐབས་ལམ་གང་ཡིན་ཡང་། རྣམ་པ་ཐམས་ཅད་དུ་འཚེ་མེད་ཞི་བའི་ལམ་ཁོ་ན་མ་གཏོགས་འཚེ་བའི་ལམ་ཐོག་མི་འགྲོ་བ་དེ་ང་ཚོའི་ཆ་རྐྱེན་གཉིས་པ་དེ་རེད།  རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནས་ཁ་བྲལ་མ་ཕྱིན་པར།  རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་ནང་གསལ་རང་སྐྱོང་གི་ཆ་རྐྱེན་གང་ཡོད་ཆ་ཚང་ལག་ལེན་དུ་བསྟར་དགོས་རྒྱུ།  རང་སྐྱོང་གི་ཆ་རྐྱེན་གང་ཡོད་ཆ་ཚང་གི་ལག་ལེན་དེ་ཡང་བོད་རིགས་ཡོངས་རྫོགས་ཐོག་བསྟར་དགོས་པ།  དེ་བསྟར་བའི་ཐབས་ལམ་ཡང་འཚེ་མེད་ཞི་བའི་ལམ་ཁོ་ན་ཡིན་པ་བཅས་ཀྱི་ཆ་རྐྱེན་འཛོམས་པ་དེ་ལ་དབུ་མའི་ལམ་གྱི་སྲིད་བྱུས་ཞེས་བརྗོད།

དེ་ལྟ་བུའི་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ཞིབ་ཚགས་པོའི་འགྲེལ་བཤད་དེ་ཡིག་ཆ་གཉིས་ཀྱི་ནང་ཡོད་ཅིང་། ཡིག་ཆ་དང་པོ་དེ་ ༢༠༠༨ ལོར་འབྲེལ་མོལ་ཐེངས་ ༧ པའི་སྐབས་སུ་སྤྲད་པའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་དང་།  གཉིས་པ་དེ་གོང་གསལ་ཡིག་ཆའི་ཐོག་ལོག་པའི་འགྲེལ་བརྗོད་མང་པོ་ཞིག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བྱས་པར་བརྟེན།  འབྲེལ་མོལ་ཐེངས་ ༩ པའི་སྐབས་སུ་བསམ་འཆར་ཡིག་ཆ་དེ་ལ་འགྲེལ་བརྗོད་ཡིག་ཆ་ཞིག་སྤྲད་ཡོད།  ཡིག་ཆ་དེ་དག་བོད་ཡིག་དང་།  ཨིན་ཡིག  རྒྱ་ཡིག་སོགས་ནང་གཟིགས་ཆོག་ཆོག་དྲྭ་རྒྱ་ཁག་ནང་ཡོད་མུས་རེད།  དེ་དག་གཟིགས་ན་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་བྱུང་རིམ་དང་ངོ་བོ།  དགོས་དམིགས་ཡོངས་སུ་རྫོགས་པ་མཁྱེན་ཐུབ།

དབུ་མའི་ལམ་གྱི་སྲིད་བྱུས་བཟུང་བར་བརྟེན།  ད་བར་བོད་ཀྱི་འཐབ་རྩོད་ཀྱི་གནས་བབས་དེ་རྒྱལ་སྤྱིའི་ནང་མ་བརླག་པར་གནས་ཐུབ་པ་དང་།  ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལས་ནས་བཟུང་སྟེ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གང་འདྲ་ཞིག་ཡིན་ཡང་ཤར་བསྐྱོད་ཐུབ་པ།  ལྷག་པར་དུ་རྒྱ་རིགས་ཤེས་ཡོན་ཅན་དང་བསམ་བློ་ཡོད་མཁན་གྱི་མི་འབོར་མང་པོས་བོད་ཀྱི་གནས་བབས་ཐོག་སེམས་ཤུགས་རྒྱབ་སྐྱོར་དང་མོས་མཐུན་ཐོབ་པ་སོགས་གྲུབ་འབྲས་རླབས་ཆེན་ཐོན་པ་དེའི་སྐོར་ངས་དུས་ཚོད་ཐུང་ཐུང་ནང་ཞིབ་ཚགས་ཞུ་ཐབས་མི་འདུག  མཁྱེན་འདོད་ཡོད་ཚེ་ཡིག་ཆ་ཁག་ལ་གཟིགས་དགོས།  དབུ་མའི་ལམ་གྱི་སྲིད་བྱུས་ལ་བརྟེན་ནས་བྱུང་བའི་གྲུབ་འབྲས་རྣམས་རླབས་ཆེན་གྱི་གྲུབ་འབྲས་མ་གཏོགས།  གྲུབ་འབྲས་ཆུང་ཆུང་གང་ཡང་མིན། དབུ་མའི་ལམ་གྱི་སྲིད་བྱུས་བཟུང་ནས་གྲུབ་འབྲས་གང་ཡང་ཐོན་མེད་ཚུལ་དགོངས་མཁན་དེ་ཚོ་ཏོག་ཙམ་གཟིགས་རྒྱ་ཆུང་བའི་རྟགས་རེད།  རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་སྟངས་མང་པོའི་ཐོག་ནས་བསྡོམས་བརྒྱབ་ན་བོད་དོན་བདེན་མཐའ་གསལ་ཐབས་ཞེས་པ་དེ་ལས་སླ་པོ་མིན་པ་མ་ཟད།  ད་ལྟའང་གསལ་ཐུབ་མེད་པ་དེ་དངོས་ཡོད་གནས་ཚུལ་རེད།  ཡིན་ཡང་འདི་ལས་གཞན་པའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་བརྟེན་ནས་བོད་ཀྱི་ཆབ་སྲིད་དང་། དེ་མཚུངས་ཆོས་དང་རིག་གཞུང་གི་འཛིན་སྐྱོང་སོགས་མང་པོའི་ཐོག་ཐུགས་ཕན་གསོས་ཡོད་པ་མ་ཟད།  ལྷག་པར་དུ་བཙན་བྱོལ་བོད་མིའི་ཁེ་ཕན་ཐོག་ཐུགས་ཕན་ཆེན་པོ་གསོས་ཡོད་པ་དེ་ཡིག་ཆ་ཁག་ལ་གཟིགས་ན་མཁྱེན་ཐུབ་ངེས།  ཕྱོགས་གཞན་ནས་བལྟས་ན་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་གྲུབ་འབྲས་ཐོན་མེད་གསུང་མཁན་དེ་ཚོར་སྲིད་བྱུས་གང་འདྲ་ཞིག་གི་གྲུབ་འབྲས་ཐོན་ཡོད་དམ་ཞེས་བཀའ་འདྲི་ཞུས་ན།  དེ་ལ་ལན་གནང་རྒྱུ་ཧ་ཅང་ཁག་པོ་རེད་བསམ་གྱི་འདུག  ད་ལྟ་རྒྱལ་སྤྱིའི་ནང་ང་ཚོ་གནས་ཚད་ངེས་ཅན་ཞིག་ཐོག་སླེབས་ཡོད་པ་དེ་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་གྲུབ་འབྲས་ལ་བརྟེན་ནས་སླེབས་པ་རེད་དམ།  ཡང་ན་སྲིད་བྱུས་གཞན་ཞིག་གི་གྲུབ་འབྲས་ལ་བརྟེན་ནས་སླེབས་ཡོད་མིན་གཟིགས་ན།  དབུ་མའི་ལམ་ལས་གཞན་པའི་སྲིད་བྱུས་གང་འདྲ་ཞིག་ཡིན་ཡང་དེ་ཚོ་ཚང་མར་གྲུབ་འབྲས་འདི་ཡིན་ཞེས་བསྟན་རྒྱུ་གང་ཡང་མེད།  གྲུབ་འབྲས་བསྟན་རྒྱུ་ཡོད་པ་ནི་དབུ་མའི་ལམ་གྱི་སྲིད་བྱུས་རྐྱང་པ་རེད་ཅེས་བརྗོད་ན་དེ་ལ་འགལ་བ་གང་ཡང་མེད་བསམ་གྱི་འདུག

ད་ལྟ་འདིར་བཀའ་མོལ་ཞུ་སའི་སྡིངས་ཆ་འདིའི་གོ་སྐབས་བཟུང་ནས།  ཕྱི་ཟླ་ ༤ ཚེས་ ༡༥ ཉིན་རྒྱ་ནག་གི་ཆབ་སྲིད་འཛིན་སྐྱོང་ལྷན་ཚོགས་ནས་བོད་སྐོར་ཤོག་བུ་དཀར་པོ་ཞིག་བཏོན་ཡོད། དེའི་ནང་དབུ་མའི་ལམ་གྱི་སྲིད་བྱུས་ལ་སྐྱོན་བརྗོད་ལྟ་བུ་ཧ་ཅང་གི་རིང་པོ་ཞིག་བྲིས་འདུག  ཆ་ཚང་འདིར་བཀའ་མོལ་ཞུ་རྒྱུའི་གོ་སྐབས་མེད་རུང་།  དེའི་ནང་ནས་དོན་ཚན་གཙོ་ཆེ་བ་ཁ་ཤས་ཤིིག་ངེས་པར་དུ་ཁྱེད་རྣམས་ཀྱི་མཁྱེན་རྟོགས་ཆེད་དུ་ཞུ་ན་བསམས་བྱུང་།

ཁོང་ཚོས་མཐའ་བསྡོམས་སུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བྱུང་རིམ་དང་བྱུང་རབས་དང་མི་མཐུན་པ་རེད་ཅེས་བཤད་འདུག  རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བྱུང་རབས་དང་མི་མཐུན་ཞེས་པ་དེ་དངོས་ཡོད་གནས་སྟངས་རེད།  ང་ཚོའི་བོད་ཀྱི་མ་འོངས་པའི་མདུན་ལམ་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བྱུང་རབས་ལོ་རྒྱུས་ནང་ནས་བཙལ་རྒྱུ་ཞིག་མིན་པར་བརྟེན།  དེ་མིན་པ་དངོས་ཡོད་གནས་སྟངས་རེད། འོན་ཀྱང་དེ་སྐྱོན་གང་ཡང་མིན།

མི་རིགས་ཀྱི་མངོན་འདོད་དང་མི་མཐུན་ཞེས་པ་ཞིག་བཤད་ཡོད།  མི་རིགས་ཀྱི་མངོན་འདོད་དང་མི་མཐུན་པ་ཟེར་བ་དེ་རྫུན་གཏམ་རེད།  མི་རིགས་ཡོངས་རྫོགས་ལ་འདྲ་མཉམ་གྱི་ཁེ་ཕན་སྤྲད་རྒྱུ་ཞེས་པ་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་རྩ་བའི་དམ་བཅའ་རེད།  འདྲ་མཉམ་གྱི་གནས་བབས་སྤྲད་དགོས་ན་ངེས་པར་དུ་མི་རིགས་ས་གནས་རང་སྐྱོང་གི་ཆ་ཤས་ཡོངས་སུ་རྫོགས་པ་དེ་སྤྲད་དགོས།

རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མི་མཐུན་པ་དང་ཁྲིམས་ཀྱི་ལམ་སྲོལ་དང་མི་མཐུན་པ་རེད་ཅེས་པ་དེའང་རྫུན་གཏམ་རེད།  དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་སྙིང་དོན་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆའི་འགོ་ནས་མཇུག་བར་དོན་ཚན་རེ་རེ་བཞིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་ས་གནས་རང་སྐྱོང་གི་བཅའ་ཁྲིམས་བཅས་ཀྱི་ལུང་དྲངས་ཏེ་བཟོས་ཡོད།  གལ་ཏེ་དེ་རྩ་ཁྲིམས་དང་མཐུན་གྱི་མེད་ན།  རྒྱུ་མཚན་ཐོག་ནས་དོན་ཚན་འདི་ལ་ཁྱེད་ཚོས་འགྲེལ་བརྗོད་དེ་འདྲ་བྱས་འདུག  དེ་དངོས་ཡོད་གནས་སྟངས་མ་རེད།  དེ་རྩ་ཁྲིམས་དང་མཐུན་གྱི་མིན་འདུག་ཅེས་བརྗོད་དགོས།  དེ་འདྲ་རྩ་བ་ནས་མེད་པར་རྩ་ཁྲིམས་དང་མཐུན་གྱི་མིན་འདུག་ཅེས་པ་དེ་བཙན་པོའི་དབང་ཡོད་རེད། ཡང་ན་ལྐུགས་པའི་ཨུ་ཚུགས་རེད།  གང་ལྟར་མཐུན་གྱི་མེད་ན་འདི་མཐུན་གྱི་མིན་འདུག་ཅེས་བསྟན་དགོས་ཀྱི་རེད། ང་ཚོའི་ཡིག་ཆའི་ནང་གསལ་པོ་བྲིས་ཡོད་རེད་མ་གཏོགས།  སྤོམ་ཚོད་བྱས་ནས་བཞག་མེད།  དོན་ཚན་རེ་རེ་བཞིན་དོན་ཚན་འདི་རྩ་ཁྲིམས་ཀྱི་ཆ་རྐྱེན་འདིའི་འོག་ནས་ང་ཚོས་རྩོད་ལེན་བྱེད་ཀྱི་ཡོད།  རྩ་ཁྲིམས་དང་བཅའ་ཁྲིམས་གཉིས་ཀའི་ཚིག་ཇི་མ་ཇི་བཞིན་ང་ཚོའི་བསམ་འཆར་ནང་ལུང་དྲངས་ཏེ་ང་ཚོས་འདི་དགོས་ཀྱི་འདུག་ཅེས་བརྗོད་ཡོད།  དེ་མཐུན་གྱི་མེད་ན།  ཁྱེད་ཚོས་གོ་བ་ལོག་པ་བརྒྱབས་པ་རེད། འགྲེལ་བརྗོད་ལོག་པ་བྱས་པ་རེད།  ཁྱེད་ཚོས་ལུང་དྲངས་པ་དེའི་དོན་འདི་འདྲ་མ་རེད་ཅེས་བཤད་རྒྱུ་ཡོད་ན།  རྒྱལ་སྤྱིའི་ཁྲིམས་ཀྱི་མདུན་སར་ཡིན་ནའང་རེད།  མཁས་པའི་མདུན་སར་ཡིན་ནའང་རེད།  བརྡར་ཤ་གཅད་རྒྱུ་ཞིག་ཡོང་གི་རེད། ང་ཚོས་ནོར་སྲིད་ཀྱི་མ་རེད་ཅེས་བརྗོད་མེད།  ང་ཚོས་ཀྱང་ནོར་སྲིད་ཀྱི་རེད། ང་ཚོས་གོ་དོན་མ་རྟོགས་པའང་ཡོང་སྲིད་ཀྱི་རེད། ཡིན་ནའང་དེ་འདྲ་མ་བཤད་པར།  མཐུན་གྱི་མིན་འདུག་ཅེས་པ་ནི་དོན་མེད་སྐད་ཆ་རེད།

བོད་ཀྱི་བྱུང་རབས་དང་མི་མཐུན་པ་རེད་ཅེས་པ་དེ་དངོས་ཡོད་གནས་སྟངས་རེད།  བོད་ཀྱི་བྱུང་རབས་དེ་མང་ཆེ་བ་རང་བཙན་ཡིན་པའི་བྱུང་རབས་རེད།  ད་ལྟ་ང་ཚོས་རང་སྐྱོང་བྱས་ནས་བསྡད་ཀྱི་ཡིན་ཞེས་བརྗོད་དུས་བོད་ཀྱི་བྱུང་རབས་དང་མི་མཐུན་པ་རེད།  བོད་ཀྱི་བྱུང་རབས་དང་མཐུན་པ་བྱེད་དགོས་ན་ཁྱེད་ཚོས་རང་བཙན་རྩོད་དགོས་ཞེས་བཤད་ཀྱི་ཡོད་དམ།  དེ་མིན་བོད་ཀྱི་བྱུང་རབས་དང་མི་མཐུན་པ་དེ་རྒྱ་ནག་གི་ཁེ་ཕན་དོན་དུ་མ་གཏོགས། ང་ཚོ་རྐྱང་པའི་ཁེ་ཕན་ཆེད་དུ་མིན།  དེར་བརྟེན་གནས་ཚུལ་དེ་ཧམ་པ་ཆེན་པོས་བཤད་རུང་ཕན་ཐོགས་གང་ཡང་མེད།

ཡིག་ཆ་དེ་ལ་བརྟེན་ནས་རྒྱ་མི་དང་བོད་མི་གཉིས་ཀའི་མངོན་འདོད་སྒྲུབ་ཐུབ་ཀྱི་མ་རེད་ཅེས་བཤད་ཡོད།  རྒྱ་མིའི་མངོན་འདོད་སྒྲུབ་ཐུབ་མིན་ང་ཚོས་ཐག་གཅད་ཐུབ་ཐབས་མེད།  གལ་ཏེ་ཡིག་ཆ་འདིའི་ནང་ཡོད་པའི་དོན་ཚན་ཚང་མ་བརྒྱ་ཆ་བརྒྱ་ཐམ་པ་ཁས་ལེན་བྱེད་ན། བོད་མིའི་མངོན་འདོད་སྒྲུབ་ཐུབ་ཀྱི་ཡོད་ཅེས་ང་ཚོས་བརྗོད་ཀྱི་ཡོད།  སྒྲུབ་ཐུབ་ཀྱི་ཡོད་པ་དེ་སྤྲོད་ཀྱི་མིན་ཞེས་བརྗོད་ན། དེས་མངོན་འདོད་གང་འདྲ་བསྒྲུབ་ཐུབ།  དེ་ནི་རང་བཞིན་གྱིས་ནང་འགལ་སྐད་ཆ་ཞིག་རེད།

དེ་ལས་གཞན་པའི་དོན་ཚན་གསུམ་བཤད་པ་དེ་རྒྱུན་ལྡན་ང་ཚོས་ཤོད་བཞིན་པ་དེ་རེད། གནའ་སྔ་མོ་ནས་ (ཁོང་ཚོས་ཨིན་སྐད་ཐོག་ Antiquity བྲིས་འདུག  Antiquity ནི་ཅ་ལག་རྙིང་པའི་སྐད་ཆ་ལྟ་བུ་རེད།) བོད་དེ་རྒྱ་མིའི་ཆ་ཤས་སུ་ངོས་ལེན་བྱས་མིན་འདུག་ཅེས་བྲིས་ཡོད།  དེ་ང་ཚོས་རྫུན་མ་བཤད་ནས་ངོས་ལེན་བྱེད་ཐུབ་ཐབས་མེད།  བོད་ས་ཡོངས་རྫོགས་རང་བཙན་ཆ་ཚང་ཤོར་རྒྱུ་དེ་ཕྱི་ལོ་ ༡༩༥༡ ཟླ་ ༥ ཚེས་ ༢༣ ཉིན་རེད།  དེའི་བར་དུ་བོད་ཆ་ཚང་རང་བཙན་མེད་པ་ཡིན་ནའང་།  བོད་ཀྱི་ཆ་ཤས་ཤིག་དངོས་དོན་ (De facto) ནམ་ཁྲིམས་མཐུན་ (De Jure) གྱི་རང་བཙན་གང་རུང་ཐོག་བསྡད་ཡོད།  དཔེར་ན།   སིམ་ལའི་ཚོགས་འདུའི་ནང་དབྱིན་ཇིས་རྒྱ་ནག་གི་མངའ་དབང་བོད་ཀྱི་ཐོག་ཁས་ལེན་བྱས་མེད།  བོད་ཀྱི་ཐོག་རྒྱ་ནག་གི་ Sovereignty ཡོད་མ་རེད་ཅེས་པ་དེ་གསལ་པོ་རེད།  ཡིན་ནའང་ Suzerainty ཡོད་རེད་ཅེས་བཤད་ཡོད།  Suzerainty  ཞེས་པ་དེ་དོན་མེད་ཀྱི་ཚིག་ཅིག་སྐབས་དེ་དུས་གསར་བཟོ་བྱས་པ་ཞིག་རེད།  ཆབ་སྲིད་ཚན་རིག་གི་ཚིག་མཛོད་ནང་བོད་པ་རྐྱང་པར་བེད་སྤྱོད་བཏང་བ་མ་གཏོགས།  གང་བྱུང་དུ་སྦྱར་ཆོག་པའི་ཚིག་ཡོངས་གྲགས་ཤིག་མ་རེད།  ང་ཚོས་འབྲེལ་མོལ་རིམ་པ་གནང་བའི་སྐབས་སུའང་འགལ་ཟླ་ཆེ་ཤོས་ཡོང་ས་དེ་རང་རེད།  གནའ་སྔ་མོ་ནས་བོད་དེ་རྒྱ་ཁོངས་ཡིན་པ་ྋརྒྱལ་བ་རིན་པོ་ཆེས་ཁས་ལེན་མ་གནང་ན་ང་ཚོའི་བཀའ་མོལ་དེ་མདུན་ལ་འགྲོ་ཐུབ་ཀྱི་མི་འདུག་ཅེས་བཤད་ཀྱི་ཡོད།  ང་ཚོས་ཆབ་སྲིད་ཀྱི་དགོས་མཁོ་ཞིག་གི་དོན་དུ་ྋསྐྱབས་མགོན་རིན་པོ་ཆེས་དངོས་དོན་མ་ཡིན་པའི་གནད་དོན་ཞིག་གསུང་ཐུབ་ཐབས་མེད།  ང་ཚོས་བཟང་སྤྱོད་དང་འགལ་བ་ཞིག་གི་ཐོག་ནས་རྫུན་མ་བཤད་དེ་བོད་མིའི་ཁེ་ཕན་སྒྲུབ་ཆེད་ཆབ་སྲིད་ཀྱི་དགོས་མཁོ་ལེན་ཐབས་བྱེད་རྒྱུ་ནི་ང་ཚོ་ནང་པ་སངས་རྒྱས་པའི་རྗེས་འཇུག་ཅིག་ཡིན་པའི་དབང་གིས་བྱེད་ཐུབ་ཐབས་མེད་ཅེས་བརྗོད།  གལ་ཏེ་བོད་དེ་གནའ་སྔ་མོ་ནས་རྒྱ་ཁོངས་ཡིན་པ་ཞིག་ལ་ང་ཚོས་མ་རེད་ཅེས་བརྗོད་ན་ང་ཚོས་མ་འགྲིགས་པ་རེད།  སྔོན་མ་ནས་མིན་པ་ཞིག་ལ་དེ་རེད་ཅེས་བརྗོད་ན།  ཁོང་ཚོས་བྱུང་རབས་ཀྱི་དན་རྟགས་ཐོག་ནས་(ལོ་དེ་འདྲ་ཞིག་ནས་བོད་རྒྱ་ཁོངས་ཆགས་པ་རེད།)བཤད་དགོས་ཀྱི་རེད།  ཁོང་ཚོས་གནའ་སྔ་མོ་ནས་ཞེས་བཤད་པ་དེ་ལ་ཚད་འཛིན་ས་གང་ཡང་མེད།  ཚད་འཛིན་ས་མེད་པའི་རྒྱུ་མཚན་དེ་གང་རེད་ཅེ་ན།  བྱུང་རབས་ཀྱི་དན་རྟགས་ཐོག་ནས་བཤད་ཐུབ་ཀྱི་མེད་པ་ཡིན་སྟབས།  ཚད་འཛིན་ས་མེད་པ་ཞིག་ལ་མ་བཞག་རང་བཞག་རེད།

དེ་ནས་བོད་ཆེན་པོ་ཟེར་བ་དེ་འགྲིག་གི་མིན་འདུག་ཅེས་པ་དོན་ཚན་གཅིག་རེད།  བོད་དེ་གཅིག་རེད་མ་གཏོགས་ཆེན་པོ་དང་ཆུང་ངུ་ཞེས་གཉིས་མེད།  ང་ཚོས་ཕྱི་ལོ་ ༢༠༠༢ ནས་ ༢༠༡༠ བར་མུ་མཐུད་འགྱུར་བ་མེད་པར་བོད་སྐད་རྒྱག་མཁན་དང་།  རྩམ་པ་ཟ་མཁན།  ཆོལ་ཁ་གསུམ་གང་རུང་ཁོངས་སུ་གཏོགས་པའི་མི་རིགས་ཡོངས་སུ་རྫོགས་པ་དེ་བོད་པ་རེད་ཅེས་བརྗོད་མུས་རེད།  བོད་དེ་དུམ་བུར་བགོས་ནས་དབང་བསྒྱུར་རྒྱུན་རིང་བྱས་ཡོད་པ་དེའང་དངོས་ཡོད་གནས་སྟངས་རེད། ཡིན་ནའང་རྩ་ཁྲིམས་ཀྱི་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་ཐོབ་ཐང་ཡོད་པའི་མི་རིགས་འདི་གྲངས་ཉུང་མི་རིགས་ ༥༥ ནང་ནས་གཅིག་མ་གཏོགས་མང་པོ་གང་ཡང་མེད།  ད་ལྟ་བོད་མི་རིགས་རྣམས་དུམ་བུ་བཅུ་གཅིག་ནང་རང་སྐྱོང་གི་མིང་ཙམ་བཏགས་ནས་བགོས་ཡོད།  དེ་བཞིན་མངའ་སྡེ་གཞན་ནང་བསྡུས་པའང་གཅིག་གཉིས་ཡོད།  དེར་བརྟེན་བོད་ཆེན་པོའི་གནས་སྟངས་འགྲིག་གི་མ་རེད་ཟེར་བ་དེ་ཁོ་རང་ཚོའི་བཤད་སྟངས་ཤིག་རེད།  ང་ཚོས་བོད་ཆེན་པོ་ཞེས་བརྗོད་ཀྱི་མེད།

དེ་ནས་ཚད་མཐོའི་རང་སྐྱོང་དགོས་ཟེར་གྱི་འདུག་ཅེས་བརྗོད་ཡོད།  ང་ཚོས་ཚད་མཐོའི་རང་སྐྱོང་དགོས་ཞེས་ནམ་ཡང་བརྗོད་མེད།  གང་ལྟར་ཚད་མཐོ་དང་ཚད་དམའ་ཞེས་ཚད་གང་ཡང་བཞག་མེད།  ང་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གང་ཡོད་པ་དེར་ཚད་བཞག་ཡོད།  རྩ་ཁྲིམས་ནང་གང་ཡོད་པ་དེ་ང་ཚོར་དགོས་ཀྱི་རེད།  རྩ་ཁྲིམས་ནང་མེད་པ་ཞིག་གསར་པ་བཅུག་དགོས་ཞེས་ང་ཚོས་བརྗོད་ཀྱི་མེད།  འོན་ཀྱང་ཚད་མཐོའི་རང་སྐྱོང་ཟེར་བའི་མིང་ཚིག་འདི་གང་དུ་བེད་སྤྱོད་བྱས་པ་དང་སུས་བེད་སྤྱོད་བྱས་ཡོད་ཅེ་ན།  ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་སྒྲིག་འཛུགས་ཀྱི་ངོས་ནས་ནམ་ཡང་ཚིག་དེ་བེད་སྤྱོད་བྱས་མེད།  ཡིན་ནའང་པཎ་ཆེན་སྐུ་གོང་མའི་གསུང་བཤད་མང་པོའི་ནང་བོད་ལ་གྲངས་ཉུང་མི་རིགས་གཞན་པ་དང་མཉམ་པའི་རང་སྐྱོང་དེས་འགྲིག་གི་མ་རེད།  ཚད་མཐོའི་རང་སྐྱོང་དགོས་ཀྱི་རེད་ཅེས་གསུངས་ཡོད།  ང་ཕོད་ངག་དབང་འཇིགས་མེད་ཀྱི་གསུང་བཤད་གཉིས་ཀྱི་ནང་ཚད་མཐོའི་རང་སྐྱོང་ཞེས་པའི་ཚིག་འདི་བེད་སྤྱོད་བཏང་ཡོད།  དེ་བཞིན་ཕུན་དབང་ལགས་དམ་པའི་ཡིག་ཆ་དང་གསུང་བཤད་ཁག་གི་ནང་ཚད་མཐོའི་རང་སྐྱོང་ཞེས་པའི་ཚིག་དེ་བེད་སྤྱོད་བཏང་ཡོད།  དེ་བེད་སྤྱོད་བཏང་དགོས་དོན་ནི།  བོད་མི་རིགས་འདི་གྲངས་ཉུང་མི་རིགས་ ༥༥ དང་གཅིག་གྱུར་གྱིས་འགྲོ་ཐབས་མེད་པ་དང་།  གྲངས་ཉུང་མི་རིགས་གཞན་དང་མི་འདྲ་བའི་སྐད་ཡིག་དང་།  ལེགས་བྱང་།  ཡུལ་གྱི་གོམས་པའི་གཤིས་ལུགས་སོགས་རྒྱ་ནག་དང་རྦད་དེ་ཐ་དད་ཡིན་པའི་གནས་སྟངས་ཤིག་ཡིན་པ་མ་ཟད།  བྱུང་རབས་ཀྱི་ཐོག་ནས་ཀྱང་གནས་ཚུལ་ཐ་དད་ཡིན་པར་བརྟེན།  བོད་ཀྱི་རང་སྐྱོང་དེ་ཚད་མཐོའི་རང་སྐྱོང་དགོས་ཞེས་བཀའ་གནང་མཁན་བྱུང་ཡོད།  དེས་ན་གནས་ཚུལ་དེ་དག་རྦད་དེ་ཐ་དད་རེད།  ད་ལྟ་ང་ཚོ་འབྲེལ་མོལ་ནང་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་རྩོད་པའི་སྐབས་སུ་ཚད་མཐོའི་རང་སྐྱོང་ཞེས་པའི་ཚིག་འདི་གང་དུའང་བེད་སྤྱོད་བཏང་མེད།  དེེས་ན་ཉེ་ཆར་བཏོན་པའི་ཤོག་བུ་དཀར་པོ་ཟེར་བ་དེའི་ནང་གང་བཤད་པ་རྣམས་ལ་འཇུ་ས་བལྟ་ས་མེད་པ་དང་།  རྒྱུ་མཚན་གྱི་ཐོག་ནས་ཞིབ་འཇུག་བྱེད་ས་མེད་པའི་གནས་སྟངས་ཤིག་ཆགས་ཡོད།  ད་ཕལ་ཆེར་འདི་འདྲ་ཞིག་ལ་མཇུག་བསྡོམས་བྱེད་ན་མ་གཏོགས་དུས་ཚོད་ཀྱི་ཆ་ནས་ཡོང་བ་མི་འདུག

བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཡིན་ནའང་རེད།  གཞིས་བཞུགས་བོད་མིའི་སྤྱི་ཚོགས་ནང་ཡིན་ནའང་རེད།  མང་གཙོའི་སྤྱི་ཚོགས་ཤིག་ནང་བཞུགས་མཁན་ཡིན་པའི་ཆ་ནས་ཆབ་སྲིད་ཀྱི་ལྟ་གྲུབ་དང་།  ཆབ་སྲིད་ཀྱི་ཕུགས་ཀྱི་དམིགས་ཡུལ་རྣམས་སོ་སོའི་རང་དབང་གི་བསམ་སྤྱོད་དང་མཐུན་པར་འགྲོ་རྒྱུའི་ཁེ་ཕན་དེ་སུ་གང་གིས་འཕྲོག་མཁན་མེད།  ཡིན་ནའང་ང་ཚོས་ངེས་པར་དུ་ཐུགས་ལ་ངེས་དགོས་པ་ཞིག་ལ།  བོད་དེ་ཆོལ་གསུམ་ཡོངས་སུ་རྫོགས་པའི་བོད་ཆ་ཚང་ལ་གོ་དགོས་པ་མ་གཏོགས།  དེའི་ནང་ནས་ཆ་ཤས་ཕྱེ་ནས་བཞག་པ་ཡིན་ན་མ་འགྲིགས་པ་དེ་ནི་་༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་དམིགས་བསལ་གྱི་དགོངས་བཞེད་དང་མཛད་རྗེས་ཤིག་རེད་ལ།  དེ་ང་ཚོས་བདག་པོ་བརྒྱབ་ཐུབ་དགོས་པ་དེ་གལ་ཆེན་པོ་རེད།  དབུ་མའི་ལམ་དང་ལྟ་སྤྱོད་མི་མཐུན་པའི་མི་ཞིག་ཡིན་ནའང་སོ་སོའི་ལྟ་སྤྱོད་གང་བཟུང་ནའང་རྩོད་ས་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་རེད་མ་གཏོགས།  བོད་རིགས་ནང་ཁུལ་ལ་རྩོད་ནས་ཕན་ཐོགས་གང་ཡང་མེད།  འདྲེ་ཤར་སྒོ་ལ་གླུད་ནུབ་སྒོ་ཞེས་པའི་དཔེ་ལྟ་བུ་རེད།  རང་བཙན་རྩོད་མཁན་ཞིག་ཡིན་རུང་།  སུས་ཀྱང་ཁྱེད་རང་བཙན་རྩོད་མི་ཆོག་ཅེས་བརྗོད་མཁན་མེད།  ཡིན་ནའང་རང་བཙན་འཕྲོག་མཁན་དེ་རྒྱ་མི་རེད་མ་གཏོགས།  ང་ཚོ་བོད་པ་ཕན་ཚུན་གྱིས་རང་བཙན་འཕྲོགས་པ་མེད།  དེས་ན་རྒྱ་མི་དང་མཉམ་དུ་རྩོད་དགོས།  གལ་ཏེ་རྩོད་ནས་རག་ན་ཚང་མས་དགའ་བསུ་ཞུ་གི་རེད་མ་གཏོགས།  ཁྱེད་ཚོར་རག་པའི་རང་བཙན་དེ་ང་ཚོར་མི་དགོས་ཞེས་སུས་ཀྱང་བཤད་ཀྱི་མ་རེད།  ཕྱོགས་གཅིག་ནས་དེ་ཆུང་ཙག་ལྟ་བུ་ཞིག་ཏུ་མཐོང་ཡང།  དེ་ནི་ཆུང་ཙག་མིན་པར།  དྲི་བ་རླབས་ཆེན་པོ་ཞིག་རེད།  གལ་ཏེ་བོད་རིགས་ཡོངས་རྫོགས་དམིགས་ཡུལ་གཅིག་ཐོག་མཉམ་བསྐྱོད་ཐུབ་པ་བྱུང་ན།  ཧ་ཅང་ཡག་པ་ཡོད་རེད།  གལ་ཏེ་མཉམ་བསྐྱོད་མ་ཐུབ་པ་ཡིན་ནའང་།  གཅིག་གི་རྐང་པ་དེ་གཅིག་གིས་མ་འཐེན་པར་སོ་སོའི་གོམ་པ་དེ་རང་དབང་ཐོག་ནས་བརྒྱབས་ཏེ་ཕྱིན་ན།  ཕྱོགས་གཉིས་ཀར་ཡག་པ་དང་སྤམ་པ་ཡོད་ཅེས་གསུངས།