བཞུགས་སྒར་དུ་ཆབ་སྲིད་ཟབ་སྦྱོང་ཐོག་གནང་བའི་གསུང་བཤད་ལས་བསྡུས་པ།

༄༅། །ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བཀའ་དགོངས་དང་བཅའ་ཁྲིམས་ཀྱི་དགོངས་དོན་ལྟར་མང་གཅོའི་ལམ་སྲོལ་ཡང་དག་པ་ཞིག་ཏུ་བསྐྱོད་ཐུབ་པའི་ཐོག་མ་འོངས་བོད་རང་དབང་བསྐྱར་གསོ་བྱུང་སྐབས་མང་གཙོ་དང་བཟང་སྤྱོད་ལྡན་པའི་ཆབ་སྲིད་གོམས་སྲོལ་གྱི་གཞི་རྩ་ཞིག་ཚུགས་ཐབས་སུ་ད་ལྟ་ནས་མང་ཚོགས་ངོས་ནས་རང་འགུལ་ནུས་ཤུགས་སྤེལ་ཐུབ་པ་བྱ་རྒྱུ་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་འགན་ཡིན་པར་བརྟེན།ང་ཚོས་ཐོག་མར་ཟབ་སྦྱོང་འདི་གྲ་སྒྲིག་ཞུ་དགོས་དོན་གཞི་རྩ་བོད་མི་མང་རྣམས་ལ་སྙིང་སྟོབས་དང༌། ལྷག་བསམ། རྒྱལ་གཅེས་ཀྱི་བསམ་བློ་བཅས་འདང་ངེས་ཡོད་ཅིང༌། དེ་བསྟུན་ཆབ་སྲིད་ཀྱི་གོ་རྟོགས་ཀྱང་མཐོར་འདེགས་དགོས་གལ་ཆེ་གཤིས། སྤྱི་འཐུས་ལྷན་ཁང་ནས་ཟབ་སྦྱོང་སྔ་རྗེས་གཉེར་ཡོད་ཀྱང་འདོད་བློ་ཁེངས་པ་ཞིག་མ་བྱུང་སྟབས་དབུས་གྲོས་ཚོགས་དང༌། མང་ཚོགས་བར་འབྲེལ་ལམ་འཐུས་ཚང་ཡོང་ཐབས་སུ་ས་གནས་སོ་སོར་ས་གནས་ཀྱི་གྲོས་ཚོགས་རེ་འཛུགས་དགོས་པའི་དམིགས་ཡུལ་འདི་ཡིན། ད་ལམ་ཚོགས་ཐེངས་གསུམ་པ་འདི་འདི་ག་རྡ་རམ་ས་ལར་ཕེབས་འཛོམས་ཀྱིས་ཉིན་ལྔའི་རིང་ཆབ་སྲིད་ཟབ་སྦྱོང་དང༌། ཉིན་གཉིས་རིང་ས་གནས་སོ་སོའི་སྤྱི་བྱེའི་གནས་ཚུལ་དང༌། དབུས་གཞུང་གི་མཛད་ཕྱོགས་ཐད་ལེགས་སྤེལ་ཉེས་འགོག་སོགས་ཀྱི་དགོངས་འཆར་བགྲོ་གླེང་གནང་རྒྱུ་བཅས་ཡིན། ས་གནས་གྲོས་ཚོགས་དང༌། རང་བདེན་ཚོགས་ཆུང་བཅས་ནས་གནད་དོན་ཞིབ་ཕྲ་གསལ་རྟོགས་ཐུབ་པ་བྱུང་ན། དེས་ས་གནས་མང་ཚོགས་ལ་སློབ་གསོ་དང༌། ལམ་སྟོན་ཡོང་གི་རེད། ང་ཚོ་རྒྱལ་ཁབ་གཞན་པའི་རང་དབང་འཐབ་རྩོད་ཀྱི་གནས་སྟངས་དང་མི་འདྲ་བར་ཛ་དྲག་གི་གནས་སྟངས་ཤིག་འཕྲད་ཡོད་ཅིང༌། མགྱོགས་མྱུར་ངང་བོད་རང་དབང་བསྐྱར་གསོ་མ་ཐུབ་ཚེ་མི་རིགས་གང་གི་ཆེད་དུ་རྩོད་ལེན་བྱེད་མཁན་གྱི་མི་རིགས་དེ་རྩ་བརླག་ཏུ་འགྲོ་ཉེན་གྱི་གནད་འགག་ལ་ཐུག་ཡོད། བོད་ཀྱི་རང་དབང་བརླག་པ་འདི་བོད་མི་རང་གིས་སྲུང་སྐྱོབ་མ་ཐུབ་པར་ཁས་ལེན་བྱས་པའི་ཐོག་ནས་རང་དབང་བསྐྱར་ལེན་བྱ་རྒྱུ་འདི་བོད་མི་རང་གིས་དཀའ་ལས་བརྒྱབས་ཏེ་ལེན་དགོས། རྒྱལ་སྤྱིའི་མི་མང་གི་སེམས་ཤུགས་ཀྱི་རྒྱབ་སྐྱོར་དང་མཐུན་འགྱུར་ངེས་པར་ཡོང་རྒྱུ་ཡང༌། གང་ལྟར་བོད་དོན་བོད་པ་རང་གིས་བྱེད་དགོས་པ་མ་གཏོགས་བོད་པ་ལས་གཞན་པའི་རྒྱལ་ཁབ་སུ་ཞིག་གིས་བྱེད་ཀྱི་མེད་པ་འདི་མཁྱེན་དགོས། ང་ཚོས་འདས་པའི་ལོ་རྒྱུས་ལ་བརྟེན་ནས་བོད་ཀྱི་རང་དབང་རྩོད་ལེན་བྱེད་ཀྱི་ཡོད། དེ་ལ་རྒྱ་མིས་འཁྱོག་བཤད་བྱས་ཏེ་རྒྱལ་སྤྱིའི་ནང་བོད་རྒྱ་ནག་གི་ཆ་ཤས་ཡིན་ཞེས་བཤད་ཀྱི་ཡོད་སྟབས། བོད་ཀྱི་དངོས་ཡོད་ལོ་རྒྱུས་རྣམས་གཅིག་གྱུར་བྱས་ཏེ་ཤེས་དགོས་རྒྱུ་གལ་ཆེན་པོ་ཡིན། ད་ལམ་ཟབ་སྦྱོང་གི་སློབ་ཚན་རིམ་པའི་ནང་དོན་ཐོག་ཚང་མའི་བསམ་བློའི་ནང་གོ་རྟོགས་དང༌། ཤེས་ཚོར་ཞིག་བྱུང་བ་ཡིན་ན་དེ་དང་བསྟུན་ནས་ང་ཚོ་བོད་པའི་ཆབ་སྲིད་ཀྱི་གཟུགས་བརྙན་འདི་དེ་བས་ནུས་སྟོབས་ལྡན་པ་ཞིག་སྟོན་ཐུབ་རྒྱུའི་ཐབས་ལམ་ཡོད་པ་ཡིན།། ༡༩༩༥ ཕྱི་ཟླ་ ༤ ཚེས་ ༣ ཉིན།