མང་གཙོའི་དུས་ཆེན་ཉིན་གནང་བའི་གསུང་བཤད།

༄༅། །གངས་ལྗོངས་ཆོལ་གསུམ་གཞིས་བྱེས་བོད་མི་ཡོངས་ཀྱི་སྙན་ལམ་དུ་གསོལ་རྒྱུར། ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཡང་དག་པའི་དབུ་ཁྲིད་ལམ་སྟོན་འོག་བོད་མང་གཙོའི་ལམ་སྲོལ་དབུ་བརྙེས་ནས་ལོ་སུམ་ཅུ་སོ་བཞི་འཁོར་བའི་དུས་ཆེན་གྱི་ཉིན་མོ་འདིར་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཐུན་མོང་གིས་གཞིས་བྱེས་བོད་མི་ཡོངས་ལ་མཛའ་བརྩེའི་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།ད་ལྟའི་དུས་རབས་འདི་ནི་ལོ་རྒྱུས་ཀྱི་ནང་གལ་གནད་དང་ཛ་དྲག་ཤིན་ཏུ་ཆེ་བའི་དུས་རབས་ཁྱད་པར་ཅན་ཞིག་ཡིན་སྟབས། དུས་རབས་འདིའི་བོད་མི་རྣམས་ལ་དམིགས་བསལ་གྱི་ལས་འགན་ཁྱད་པར་བ་ཞིག་ཡོད་པ་ནི་བརྗོད་མ་དགོས། གལ་སྲིད་ང་ཚོའི་མི་རབས་འདིས་སྐབས་བབས་ཀྱི་ལས་འགན་ཁྱད་པར་བ་དེ་སྒྲུབ་མ་ཐུབ་པ་ཡིན་ན་ལོ་རྒྱུས་ཀྱི་ནང་ཟུབ་ཏུ་མེད་པའི་ནག་ཐིག་ཅིག་ང་ཚོའི་མི་རབས་ཀྱི་སྟེང་དུ་ཕོག་རྒྱུ་ཡིན་གཤིས། འཕྲལ་སེལ་གྱི་ཁེ་གུན་ཆུང་རྩག་གིས་མ་ཚིམས་པར་ལོ་རྒྱུས་ཀྱི་འཕེལ་རིམ་ལ་དོ་སྣང་བག་ཙམ་ཡོད་པའི་ཚོར་ལྡན་གྱི་སྐྱེ་བོ་ཞིག་ཡིན་ཕྱིན་བཏང་སྙོམས་སུ་སྡོད་ཐབས་ག་ལ་ཡོད། དུས་རབས་འདིའི་གལ་གནད་དང་ཛ་དྲག་གི་གནས་ཚུལ་གཙོ་ཆེ་བ་རེ་ཟུང་ཟུར་འདོན་གྱིས་ཞུས་ན།

༡ བོད་ཡུལ་གྱི་སྣོད་ཀྱི་ཆགས་བབས་དང༌། མང་ཚོགས་ཀྱི་སྲིད་དོན་གྱི་བསམ་བློའི་གནས་ཚད། ཆབ་སྲིད་ཀྱི་སྣེ་མོར་གཏོགས་པ་རྣམས་ཀྱི་ལྟ་ཚུལ་དང་མཛད་ཕྱོགས། ཁྱད་པར་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་རང་དོན་གཅེས་འཛིན་གྱི་སྲིད་བྱུས་འཛིན་ཕྱོགས་བཅས་ཕྱི་ནང་གི་རྒྱུ་མཚན་དུ་མའི་དབང་གིས་བོད་ཀྱི་སྲིད་དོན་དང༌། སྤྱི་ཚོགས། དཔལ་འབྱོར། ཡུལ་མིའི་བསམ་སྤྱོད་དང་བཅས་པ་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་མཐུན་པའི་ཡར་རྒྱས་མ་བྱུང་བར་རྗེས་ལུས་ཅི་ཆེ་བྱུང་བ་དེ་ནས་གོ་རིམ་ལྡན་པའི་འཕེལ་རིམ་གྱི་གྲྭ་སྒྲིག་བྱ་ལོང་མེད་པར་དུས་རབས་བདུན་པའི་ཡུལ་མིའི་བསམ་སྤྱོད་དང༌། ལེགས་བྱང་གི་གནས་རིམ་ནས་དུས་རབས་ཉི་ཤུ་པའི་ཡུལ་མིའི་བསམ་སྤྱོད་དང་ལེགས་བྱང་གི་ནང་ཟང་ཐལ་ཐོད་བརྒལ་དུ་མཆོང་ཐེངས་གཅིག་གིས་བསྙེགས་དགོས་བྱུང་བ་འདི་ལོ་རྒྱུས་ནང་མཚུངས་དཔེ་རྙེད་དཀའ་བ་ཞིག་ཡིན་པ་དང༌།

༢ དེ་བཞིན་སྲོལ་རྒྱུན་དང་གསར་བརྗེ་ཚ་གྲང་ལྟར་འགལ་བའི་དངོས་པོ་གཉིས་སྤྱི་ཚོགས་གཅིག་གི་ཕན་བདེ་སྒྲུབ་པའི་ཡན་ལག་ཏུ་འགལ་མེད་གྲུ་བཞི་ལམ་འཁྱེར་བྱ་རྒྱུ་ཆེས་དཀའ་བའི་ལས་དོན་ཞིག་རང་བྱུང་རྩོལ་མེད་དུ་སྒྲུབ་པའི་མཐུན་རྐྱེན་ཡང་དུས་འགྱུར་ཁྱད་པར་བ་ཞིག་ནས་བྱུང་བ་དང༌།

༣ ལྷག་པར་སྒྲ་ཚད་བཟོ་གསོ་ནང་དོན་རིག་པས་མཚོན་པའི་བོད་ཀྱི་ཐུན་མིན་རིག་གཞུང་རྒྱ་ཆེ་གཏིང་ཟབ་ཚོད་དཔག་མི་ནུས་པ་ཞིག་སྤྱི་འགྲོའི་ཕན་བདེའི་གསོས་སུ་རང་རེའི་མི་ཐོག་གོང་མ་རྣམས་ཀྱིས་མི་རབས་ནས་མི་རབས་བརྒྱུད་སྲོག་ལས་གཅེས་པར་བཟུང་སྟེ་བདག་གཅེས་དང་དག་ཐེར་ཡར་རྒྱས་རླབས་ཆེན་མཛད་པ་དེ་དག་བོད་ལྗོངས་རྒྱལ་སྤྱིའི་ཆབ་སྲིད་དང༌། སྤྱི་ཚོགས་ཀྱི་འགྱུར་འགྲོས་ནས་ཟུར་བསྡད་བསེ་རུའི་ངང་ཚུལ་བཟུང་བའི་ཉེར་ལེན་གྱིས་བུམ་ནང་གི་མར་མེ་ལྟར་རྒྱལ་སྤྱིའི་མང་ཚོགས་ཀྱི་སྤྱོད་ཡུལ་དུ་མ་གྱུར་པ་དེ། དེང་འདིར་རྐྱེན་ངན་གྲོགས་ཤར་གྱིས་ས་ཁད་དང༌། སྲིད་དོན་གྱི་ར་བ་བཙན་ཐབས་སུ་བརྒལ་ནས་འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་དུ་མར་གནའ་བོའི་རིག་གཞུང་གི་འོད་སྣང་གསར་པ་གློ་བུར་དུ་འཆར་བའི་གོ་སྐབས་ཤིག་བྱུང་བ་དང༌།

༤ དེ་ཙམ་དུ་མ་ཟད་ྋརྒྱལ་དབང་སྐུ་ཕྲེང་སྔོན་རྗེས་ཀྱི་ཐུགས་ལ་བརྣགས་པའི་བཞེད་དགོངས་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་མང་གཙོའི་སྲོལ་བཟང་དུ་བསྒྱུར་རྒྱུ་དེ་ཡང་བོད་ཀྱི་ཆབ་སྲིད་སྲོལ་རྙིང་ལ་འཕར་འབུག་གང་ཡང་མ་བྱུང་བར་གནས་པ་ཡིན་ན་ཆེས་སྒྲུབ་དཀའ་བའི་ལས་དོན་ཞིག་ཡིན་མོད། དུས་འགྱུར་འདིས་སྲིད་དབང་དང་མངའ་རིས་བདག་ཐོབ། རྙིང་དད་རྨོངས་ཞེན་སོགས་རང་སར་རང་ཞིའི་དབང་གིས་མང་གཙོའི་ལམ་སྲོལ་གཙང་མའི་ནང་མང་ཚོགས་ཀྱི་བསམ་བློའི་གནས་ཚད་ལོང་མིན་ཙམ་མ་གཏོགས་འགལ་རྐྱེན་གཞན་མེད་པར་ཤར་བསྐྱོད་ཐུབ་པ་བཅས་དེ་རྣམས་དུས་རབས་འདིའི་གལ་གནད་རྩ་ཆེའི་གྲས་ཡིན།

གོང་སྨོས་ཀྱི་གནད་དོན་དེ་དག་ལ་གཞིགས་པས་དུས་རབས་འདི་ཉེན་ཁ་དང་ཛ་དྲག་མེད་པ་ཞིག་ཡིན་ནམ་སྙམ་ན། དེ་ནི་གཏན་ནས་མ་ཡིན། ལོ་རྒྱུས་ཀྱི་ནང་བྱུང་མ་མྱོང་བའི་ཛ་དྲག་དང་གཉན་འཕྲང་ཉེན་ཁ་ཅན་གྱི་དུས་རབས་ཤིག་ཡིན་པ་ནི་འགྲེལ་བརྗོད་མ་དགོས། བོད་ཀྱི་རྒྱལ་ཁམས་དང་ཆབ་སྲིད་ཀྱི་མངའ་དབང་ཡོངས་རྫོགས་རྒྱ་དམར་གྱིས་བཙན་འཕྲོག་ཐོག་བོད་མི་འབུམ་ཕྲག་བཅུ་གཉིས་བརྒལ་བ་མནར་གཅོད་དང་གདུག་རྩུབ་འོག་རང་སྲོག་འདོར་དགོས་བྱུང་བ་དང༌། བོད་མིའི་སྲོག་ལས་གཅེས་པའི་རྒྱལ་བསྟན་དེ་འཛིན་དང་བཅས་པ་ཉམ་ཉེས། དགོན་སྡེ་སྟོང་ཕྲག་དུ་མ་རྩ་གཏོར། རིན་བྲལ་གནའ་བོའི་དངོས་རྫས་དང་སྒྱུ་རྩལ་བཟོ་བཀོད་གྲངས་ཀྱིས་མི་ལང་བ་རྩ་མེད་དུ་སོང་བ་སོགས་ཉམས་གསོ་དང་གུན་གསབ་ཐུབ་ཐབས་མེད་པའི་གྱོང་གུན་ཆེན་པོ་ཞིག་བོད་མིས་མྱོང་དགོས་བྱུང་ཡང༌། གསར་བརྗེ་དང་བཅིངས་འགྲོལ་ཟེར་བའི་མིང་དོན་དང་ཆ་ཙམ་མཚུངས་པའི་ཡར་རྒྱས་དང༌། འཛུགས་སྐྲུན་གྱི་ཁེ་ཕན་གང་ཡང་མ་ཐོབ་པར་མ་ཟད། འཇིག་རྟེན་གྱི་ཡང་ཐོག་དང༌། སུམ་རྩེན་ལྷ་ཡུལ་དུ་གྲགས་པའི་བོད་ལྗོངས་ཀྱི་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེ། བོད་ཀྱི་རང་བྱུང་གི་གཏེར་རྫས་བག་མེད་བསྔོག་འདོན། འགྲོ་བ་མིའི་ཀུན་སྤྱོད་ཀྱི་ཐོབ་ཐང་ལ་བརྡལ་བཤིག་ཚད་མེད། ལྷག་པར་རྒྱ་མི་ཕོན་ཆེ་བོད་དུ་གཞིས་ཆགས་ཀྱིས་བོད་ཡུལ་རྒྱ་ཡུལ་དུ་བསྒྱུར་ཏེ་རིང་མིན་བོད་ཀྱི་མི་རིགས་རང་ཡུལ་དུ་ཆེས་གྲངས་ཉུང་མི་རིགས་སུ་འགྲོ་རྒྱུའི་ཐོག ཡུལ་གོམས་གཤིས་ལུགས་དང༌། སྐད་ཡིག རྩ་ཆེའི་ལེགས་བྱང་ཡོངས་རྫོགས་རྩ་བརླག་ཏུ་འགྲོ་རྒྱུ་ངེས་པ་ལྟ་བུ། མདོར་ན་རྒྱལ་ཁབ་དང་མི་རིགས་ཆགས་འཇིག་གི་སོ་མཚམས་སུ་སླེབས་པ་འདི་ལས་ཛ་དྲག་ཆེ་བའི་གནས་ཚུལ་ཅི་ཞིག་ཡོད། སྤྱིར་རྒྱལ་ཁབ་ཁག་གི་ལོ་རྒྱུས་ནང་ལོ་གྲངས་བརྒྱ་ཕྲག་རེ་ཟུང་དེ་ཙམ་དུས་ཡུན་རིང་པོར་བརྩི་སྲོལ་མེད་རུང༌། རང་རེའི་གནས་སྟངས་ནི་ལོ་རྒྱུས་ཀྱི་འགྱུར་འགྲོས་གཞན་དང་མི་འདྲ་བ། བོད་ནང་རྒྱ་མིའི་མི་འབོར་གྱི་འཕེལ་ཚད་དང༌། རིག་གཞུང་ཉམས་ཆག་གི་མགྱོགས་ཚད། ྋགོང་ས་ྋསྐྱབས་མགོན་ཆེན་པོའི་དགུང་ནའི་བབ། རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་བཅས་ཕྱོགས་གང་ནས་གཟིགས་རུང་ལོ་གྲངས་ལྔ་དྲུག་གི་ནང་བོད་དོན་བདེན་མཐའ་གསལ་བ་ཞིག་མ་བྱུང་ན་བོད་ཀྱི་མ་འོངས་པའི་རེ་འདོད་རྩ་བརླག་ཏུ་འགྲོ་རྒྱུའི་ཉེན་ཁ་དང་ཛ་དྲག་ཆེ་བའི་དུས་རབས་འདིའི་ནང༌། རང་དབང་གི་ཡུལ་དུ་བཙན་བྱོལ་དུ་འབྱོར་བའི་བོད་མི་ཉུང་ཤས་ཤིག་ལ་བོད་ཀྱི་རང་དབང་བསྐྱར་གསོ་དང༌། མ་འོངས་རང་དབང་བོད་ཀྱི་འཛུགས་སྐྲུན་བྱ་རྒྱུའི་ལས་འགན་གཉིས་ཀ་ཁུར་དུ་བབ་པ་ཡིན་ཞིང༌། ལས་དོན་དེ་གཉིས་སྒྲུབ་པ་ལ་རྒྱལ་སྤྱིའི་མང་ཚོགས་ཀྱི་ཡིད་ཆེས་བློ་གདེང་འཁེལ་བ་དང༌། བོད་རང་དབང་བསྐྱར་གསོ་དང༌། རང་དབང་བོད་ཀྱི་ཆབ་སྲིད་འཛིན་སྐྱོང་རང་རྐྱ་འཕེར་བའི་སྲིད་གཞུང་གི་སྒྲོམ་གཞི་དང༌། སྒྲིག་འཛུགས་བརྟན་པོ་ཞིག་མེད་དུ་མི་རུང་བར་བརྟེན། ྋགོང་ས་ྋསྐྱབས་མགོན་ཆེན་པོས་ཕྱི་ལོ་ ༡༩༦༠ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གསར་འཛུགས་གནང་བ་ནས་བཟུང་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་མང་གཙོ་ཚད་ལྡན་དུ་སྒྱུར་ཐབས་ཐུགས་འདུན་འབད་བརྩོན་རྒྱ་ཆེ་གནང་ཡང༌། བོད་མི་མང་ཚོགས་ཀྱི་བསམ་ཚུལ་གྱི་ཡར་རྒྱས་ཚད་ལྡན་ཞིག་ཡོང་བར་འགོར་རྒྱུན་ཚོད་དཔག་ལས་ལྷག་པ་བྱུང་བར་བརྟེན། སླར་ཡང་ྋགོང་ས་ྋསྐྱབས་མགོན་ཆེན་པོས་སྤྱི་འཐུས་སྐབས་བཅུ་གཅིག་པར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་ཞུ་རྒྱུར་བསྩལ་བ་སོགས་རང་རེའི་མང་གཙོའི་འཕེལ་རིམ་གྱི་ནང་ཛ་དྲག་གི་མདུན་མཆོང་ཆེན་པོ་ཞིག་བརྒྱབས་པ་འདི་ཡང་ལོ་རྒྱུས་ཀྱི་ནང་གཟི་བརྗིད་ཆེ་བའི་བྱུང་བ་ཞིག་ཡིན་པ་དང༌། དེ་ནས་བཟུང་མང་གཙོའི་མཚན་ཉིད་དང༌། ཡན་ལག་ཡོངས་སུ་རྫོགས་པ་ཞིག་ཡོང་ཆེད་ཁྲིམས་ལུགས་དང་སྒྲིག་འཛུགས་ཀྱི་གཞི་རྟེན་ཆ་ཚང་ཞིག་བྱུང་ཟིན་པ་དེ་ལྟར་ཡང༌། སྤྱི་ཚོགས་ཀྱི་བསམ་སྤྱོད་ཀྱི་ནུས་པས་མ་འདང་བའི་དཀའ་ངལ་ཇི་སྙེད་ཅིག་ཡོད་པ་དེ་དག་ད་དུང་སེལ་རྒྱུར་བསྡད་ཡོད་ཅིང༌། དེ་རྣམས་དུས་ཚོད་ངེས་ཅན་ཞིག་ནང་སེལ་ཐུབ་པ་མ་བྱུང་ན་རང་རེའི་མང་གཙོའི་ལམ་སྲོལ་འདི་མིང་དོན་མཚུངས་པ་ཞིག་ཡོང་དཀའ་བ་མ་ཟད། དེ་ལ་བརྟེན་ནས་བོད་རང་དབང་བསྐྱར་གསོའི་ལས་འགུལ་དང༌། མ་འོངས་བོད་གསར་པའི་འཛུགས་སྐྲུན་གྱི་ལས་འཆར་གཉིས་ཀར་འགལ་རྐྱེན་ཇི་སྙེད་ཅིག་ཡོང་བར་ངེས་པས། ད་ལྟའི་ཛ་དྲག་ཅན་གྱི་དུས་རབས་འདིའི་ནང་གཞི་རིམ་མང་ཚོགས་ཀྱི་ལས་རིམ་སྒྲུབ་ཕྱོགས་ཐད་ཛ་དྲག་གི་འབོད་སྐུལ་གསལ་འདེབས་ཞུ་རྒྱུ་གཤམ་གསལ།

༡ ཆབ་སྲིད་ལམ་སྲོལ་ཅི་འདྲ་ཞིག་ཡིན་རུང་ལྟ་བའི་གཞི་རྟེན་བརྟན་པོ་ཞིག་མེད་ན་སྐབས་འཚོལ་བ་སྟབས་བདེའི་རིང་ལུགས་སུ་འགྱུར་ངེས་ཆེ་བས། མང་ཚོགས་ནང་ཆབ་སྲིད་ཀྱི་ལྟ་བའི་སློབ་སྦྱོང་དང༌། ཤེས་ཚོར་གོང་མཐོར་སྤེལ་རྒྱུ་དེ་ང་ཚོའི་ཛ་དྲག་གི་དགོས་མཁོ་ཞིག་ཡིན། ྋསྤྱི་་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོས་འཇིག་རྟེན་ཀུན་གྱི་ཡིད་དབང་འཕྲོག་པའི་ལེགས་བཤད་ཀྱི་དགའ་སྟོན་གསར་པ་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས་སོགས་དེང་རབས་འཇིག་རྟེན་གྱི་རྣམ་བཞག་དང་འབྲེལ་བའི་ལྟ་བའི་གཞི་རྟེན་རྒྱ་ཆེ་གཏིང་ཟབ་མང་པོ་ཞིག་བཀའ་བསྩལ་ཡོད་ནའང༌། དེ་དག་ལ་ནུབ་ཕྱོགས་པ་དང༌། རྒྱལ་ཁབ་གཞན་གྱི་ཡུལ་མི་མ་གཏོགས་བོད་མིའི་ནང་སློབ་སྦྱོང་དང་ཉམས་ལེན་བྱེད་མཁན་དཀོན་པའི་གནས་ཚུལ་འདི་སེམས་འཚབ་བྱ་འོས་སུ་འདུག་པ་མ་ཟད། ལྟ་བའི་གཞི་རྟེན་བྲལ་བའི་ཆབ་སྲིད་ཀྱི་ལང་ཕྱོགས་གང་ཡང་ཡིད་ཆེས་འཕེར་བ་ཞིག་ཡོང་དཀའ་ཞིང༌། མང་ཚོགས་ལ་བསམ་ཞིབ་གདམ་ཁ་ཡོད་པའི་སྲིད་བྱུས་རྣམ་གྲངས་སྣ་ཚོགས་སྟོན་མཁན་མེད་པ་དང༌། ཆབ་སྲིད་ཀྱི་ཚོགས་པ་ཚད་ལྡན་ཁག་ཚུགས་མ་ཐུབ་པའི་དབང་གིས་སྲིད་གཞུང་གི་འཛིན་སྐྱོང་དང༌། ཆབ་སྲིད་ཀྱི་ལང་ཕྱོགས་ཐོག་དོན་དང་ལྡན་པའི་འགལ་ཟླ་དང༌། སྐྱོན་འདོན་བྱེད་མཁན་མེད་པ་མ་ཟད། ཆབ་སྲིད་དང་ལས་དོན་གྱི་ཐོག་བསམ་ཚུལ་མ་མཐུན་པ་རྣམས་རྒྱུ་མཚན་རིགས་པའི་ལམ་ནས་བརྒལ་བརྟག་དང་དག་ཐེར་བྱ་རྒྱུའི་སྤོབས་པ་མེད་པར། གང་ཟག་དགྲ་རུ་བཟུང་སྟེ་འཁོན་འཛིན་འཐབ་རྩོད་ཀྱི་ལམ་ངན་དུ་གྱར་བ་སོགས་ཡིད་ཐང་ཆད་དགོས་པའི་གནས་ཚུལ་དུ་མ་ཞིག་ཡོང་དང་ཡོང་བཞིན་པ་འདི་དག་ལ་གཟིགས་ན་བོད་མིའི་སྤྱི་ཚོགས་ནང་ཆབ་སྲིད་ཀྱི་ལྟ་བའི་སློབ་གསོ་གོང་མཐོར་སྤེལ་ཐབས་ལ་ཚང་མས་ཕྱར་གྲུ་མཉམ་འདེགས་གནང་རྒྱུ་གལ་གནད་ཤིན་ཏུ་ཆེ་བ་འདུག

༢ བཙན་བྱོལ་བོད་མིའི་མི་འབོར་དང༌། གནས་ཡུལ་ས་ཁུལ་གྱི་གནས་སྟངས་གང་ལ་གཞིགས་རུང་རང་རེའི་སྤྱི་ཚོགས་ནང་ཐད་ཀའི་མང་གཙོ་ཡོང་ཐབས་རྩ་བྲལ་ལ་བརྟེན་སྤྱི་སྲོལ་བཞིན་སྐུ་ཚབ་འཐུས་མི་བརྒྱུད་ཀྱི་མང་གཙོའི་ལམ་སྲོལ་ལ་མ་བརྟེན་མཐུ་མེད་ཡིན་སྟབས་རང་རེའི་མང་གཙོའི་ཆབ་སྲིད་ཀྱི་ལས་དོན་ཚད་ལྡན་ཡོང་དང་མི་ཡོང་འོས་འདེམས་བྱས་པའི་འཐུས་མི་རྣམས་ཀྱི་གནས་སྟངས་ལ་རག་ལུས་པ་དང༌། སྤྱི་འཐུས་རྣམས་ཀྱི་གནས་ཚད་ཀྱང་མང་ཚོགས་ཀྱི་འོས་འདེམས་བྱ་ཕྱོགས་ལ་རག་ལུས་སྟབས་སྤྱི་འཐུས་འོས་འདེམས་ཀྱི་ལམ་སྲོལ་དང་དངོས་སུ་འོས་འདེམས་བྱ་ཕྱོགས་བཅས་ཚད་ལྡན་ཞིག་དགོས་པས། བཙན་བྱོལ་བོད་མི་རང་ལོ་བཅོ་བརྒྱད་ཡན་ལོན་པ་ཚང་མས་རང་ངོས་ནས་འོས་འདེམས་ལས་དོན་གྱི་ནང་སེམས་ཤུགས་ཆེན་པོས་ཆ་ཤས་བླང་རྒྱུ་དང༌། འོས་བསྡུའི་ལས་དོན་ཚད་ལྡན་ཡོང་ཐབས་ལ་ཚང་མས་ཟོམ་འཇོག་ཏུ་མ་སོང་བར་རང་འཁྲི་ཐེག་པ་ཁུར་ལེན་གནང་གལ་མ་ཟད་འོས་འདེམས་ཟིན་པའི་སྤྱི་འཐུས་རྣམས་ཀྱི་ཕྱག་ལས་གནང་ཕྱོགས་ལའང་གཟིགས་ཞིབ་སྟངས་འཛིན་རྒྱུན་ལྡན་གནང་རྒྱུ་དང༌། འོས་བསྡུའི་སྒྲིག་གཞི་ལ་བསྐྱར་བཅོས་དགོས་རིགས་དགོངས་འཆར་ཇི་ཡོད་སྤྱི་འཐུས་རྒྱུན་ལས་སུ་གནང་སྐྱོང་ཡོང་བ་ཞུ་རྒྱུ་དང༌།

༣ མང་གཙོའི་ལམ་སྲོལ་ཚད་ལྡན་ཡོང་བའི་མཐུན་རྐྱེན་མེད་དུ་མི་རུང་བ་གཅིག་ནི་སྲིད་གཞུང་དང་སྒྲིག་འཛུགས། སྤྱི་འཐུས་ཀྱི་གནས་སྟངས་གང་འདྲ་ཞིག་ཡིན་རུང་ཁྲིམས་ཀྱི་དབང་བསྒྱུར་གྱི་འོག་འགྲོ་རྒྱུ་གལ་གནད་ཧ་ཅང་ཆེ་བ་ཡིན་སྟབས་སྤྱི་འཐུས་ལྷན་ཚོགས་ནས་ད་བར་དུ་ཁྲིམས་ཡིག་དང་སྒྲིག་གཞི་ཆེ་ཆུང་ཉི་ཤུ་བརྒལ་བ་ཞིག་གཏན་ལ་ཕབ་ཟིན་པ་དེ་ལྟར་ཡང༌། ད་དུང་སྒྲིག་འཛུགས་སྡེ་ཚན་ཁག་ཏུ་ཁྲིམས་ཡིག་དང་སྒྲིག་གཞིའི་རྣམ་བཞག་ལ་དོ་སྣང་ཚད་ལྡན་མེད་པ་དང༌། མང་ཚོགས་ནང་ལས་དོན་གང་ཅི་ཁྲིམས་ཀྱི་དབང་བསྒྱུར་གྱི་འོག་འགྲོ་དགོས་པའི་བསམ་ཚུལ་དེ་ཙམ་ཤུགས་ཆེ་མེད་པའི་མཐོང་ཚུལ་ཡོང་གི་འདུག་ན་བཙན་བྱོལ་བོད་མི་ཚང་མས་ཁྲིམས་ཀྱི་ལམ་སྲོལ་འདི་གལ་གནད་ཅིག་ཏུ་བརྩི་བཀུར་དང་དོ་སྣང་གིས་ལས་དོན་གང་ཡིན་ཁྲིམས་ཀྱི་དབང་བསྒྱུར་འོག་ཏུ་ཚུད་ཐབས། ཁྲིམས་དང་སྒྲིག་གཞི་གསར་བཟོ་དགོས་རིགས་སྐུལ་སློང་གནང་རྒྱུ་བཅས་ཀྱི་ཐོག་ཐུགས་སྣང་ཤུགས་ཆེ་དགོས་པའི་འབོད་སྐུལ་ཞུ་རྒྱུ།

༤ མང་ཚོགས་ནས་སྤྱི་འཐུས་ལྷན་ཚོགས་ཀྱི་སྲིད་བྱུས་དང་ལས་རིམ་གཏན་འབེབས་ཞུ་ཕྱོགས་དང༌། བཀའ་ཤག་གི་ཕྱག་ལེན་བསྟར་ཕྱོགས་བཅས་ཀྱི་ཐོག་ཐུགས་སྣང་ཆེན་པོས་སྟངས་འཛིན་དང༌། དགེ་འདོན་སྐྱོན་སེལ་གནང་དགོས་གལ་གནད་ཤིན་ཏུ་ཆེ་རུང༌། མང་པོ་ཞིག་གིས་སྤྱི་འཐུས་ལྷན་ཚོགས་དང་གཞུང་འཛིན་བཀའ་ཤག་གི་གཏན་འབེབས་སྲིད་བྱུས་དང་ལས་རིམ་གསལ་རྟོགས་མེད་པར། གང་ཟག་རེ་ཟུང་གི་གཏམ་བརྗོད་ལ་ཚད་མར་བཟུང་སྟེ་སྲིད་གཞུང་ལ་མ་ཉེས་ཁ་གཡོག་གིས་དངོས་དོན་མིན་པའི་སྐྱོན་བརྗོད་གནང་རིགས་དེ་དག་རྒྱལ་ཁབ་དང་ཆབ་སྲིད་ལ་ཕན་ཐོགས་ཡོང་གཞི་དཀའ་བས། མང་ཚོགས་ནས་བཙན་བྱོལ་གཞུང་གི་ཁྲིམས་མཐུན་གཏན་འབེབས་བྱས་པའི་སྲིད་བྱུས་དང༌། ལས་རིམ་ཇི་ཡིན་ཟེར་རྗེས་སུ་མ་འབྲང་བར་གསལ་རྟོགས་ཡོང་ཐབས་གནང་དགོས་གལ་གནད་ཤིན་ཏུ་ཆེ་བས་འཆལ་གཏམ་གྱི་རྗེས་སུ་མ་འབྲང་བར་གནས་ཚུལ་ཞིབ་གསལ་འདྲི་བརྩད་མཁྱེན་རྟོགས་ཐུབ་པ་གནང་ཐོག སྐྱོན་སེལ་དགོངས་འཆར་དང་སྟངས་འཛིན་གནང་འོས་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན།

༥ བོད་ཀྱི་ཆབ་སྲིད་ཀྱི་ནུས་ཤུགས་ཐོན་མིན་མང་ཚོགས་ཀྱི་ཆིག་བསྒྲིལ་ལ་རག་ལུས་པར་སོང༌། ཆོལ་གསུམ་བོད་མི་ཡོངས་ཀྱི་དམ་ཚིག་རྡོག་རྩ་ཆིག་བསྒྲིལ་དགོས་རྒྱུ་འདི་གལ་གནད་ཆེ་བའི་ཆབ་སྲིད་ཀྱི་སྲོག་རྩ་ཞིག་ཡིན་པར་བརྟེན། བཙན་བྱོལ་གཞུང་གི་ཆོལ་གསུམ་ཆིག་བསྒྲིལ་གྱི་སྲིད་བྱུས་འཛིན་ཕྱོགས་ཐོག་སྤྱི་འཐུས་ལྷན་ཚོགས་ཀྱིས་ད་ལན་ཚོགས་དུས་བདུན་པར་བསྐྱར་མའི་གསལ་བཤད་དང་གྲོས་ཆོད་བཞག་པ་ལྟར་བོད་མི་ཡོངས་ཀྱིས་ཆོལ་གསུམ་དམ་ཚིག་ཆིག་བསྒྲིལ་ཡོང་བའི་འབད་བརྩོན་ཁ་ཕྱི་བལྟས་སུ་མ་སོང་བར་རང་རང་སོ་སོའི་ངོས་ནས་གཞན་གྱི་སེམས་ཚོར་ལ་གནོད་གཞི་མི་འབྱུང་བའི་བླང་དོར་གནང་གལ་ཆེ་བའི་འབོད་སྐུལ་ཡང་ཞུ་རྒྱུ་ཡིན།

༦ ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོས་འདི་ལོའི་གསུམ་དུས་གསུང་འཕྲིན་དང༌། ཉེ་ཆར་སྤྱི་འཐུས་ལྷན་ཚོགས་སུ་གསུང་བཤད་བཀའ་དྲིན་ཆེ་བའི་དགོངས་དོན། འདས་པའི་མི་ལོ་བཅུ་བཞིའི་རིང་རྒྱ་དམར་དང་མཉམ་དུ་བོད་དོན་འགྲིག་ཆགས་ཡོང་ཐབས་སུ་བཀའ་མོལ་རིམ་གནང་ལ་དོན་ཕན་ཡོད་པའི་གྲུབ་འབྲས་མ་བྱུང་སྟབས་ད་ཆ་རྒྱལ་སྤྱིའི་ཤུགས་གནོན་གྱི་ཐོག་ནས་རྒྱ་མིར་གོ་བཀོན་ཡོང་ཐབས་འབོད་སྐུལ་གནང་བཞིན་པ་དང༌། འདི་ལའང་དོན་འབྲས་མ་བྱུང་ཚེ་མ་འོངས་བྱེད་ཕྱོགས་ཐད་མང་ཚོགས་ལ་མང་མོས་བཀའ་བརྩད་བསྐྱང་རྒྱུའི་དགོངས་བཞེད་ཡོད་ཚུལ་བཀའ་ཕེབས་པ་ལྟར། དེ་འདྲའི་གོ་སྐབས་བྱུང་ཚེ་མང་ཚོགས་ཀྱིས་བསམ་ཚུལ་ཞུ་འོས་ཞུ་རྒྱུ་འོལ་རྒྱུགས་ཙམ་མ་ཡིན་པར་མ་འོངས་ཆབ་སྲིད་གནད་དོན་ལ་ཕན་ཐོགས་ཡོང་ངེས་ཀྱི་བསམ་ཚུལ་ཞུ་ཕྱོགས་གོ་བསྡུར་དང་བགྲོ་གླེང་ད་ལྟ་ནས་གནང་སྟེ་རྒྱལ་ཡོངས་མི་མང་གི་བློ་ཁ་མཐུན་པའི་ཐབས་ལམ་ཞིག་བཙལ་རྒྱུའི་འབད་བརྩོན་གནང་གལ་ཆེ་བའི་འབོད་སྐུལ་ཞུ་རྒྱུ་ཡིན།

༧ གོང་ཞུས་ལྟར་ད་ལྟའི་དུས་རབས་ཀྱི་ཛ་དྲག་གི་གནས་སྟངས་ལ་གཞིགས་པའི་རང་དབང་བསྐྱར་གསོ་འཕྲལ་མྱུར་ཡོང་ཆེད་མང་ཚོགས་ནས་བློས་བཏང་དཀའ་སྤྱད་ཀྱིས་འཚེ་མེད་ཞི་བའི་བདེན་པའི་ལས་འགུལ་ཅི་འདྲ་བྱེད་དགོས་བྱུང་ཡང་འཇིགས་ཞུམ་བྲལ་བའི་བློ་སྤོབས་ཆེན་པོ་ཞིག་བསྐྱེད་དགོས་པ་མ་ཟད། རང་དབང་བསྐྱར་གསོ་བྱུང་འཕྲལ་བོད་གསར་པའི་འཛུགས་སྐྲུན་གྱི་ལས་དོན་ཐོག་གཞིས་བྱེས་བོད་མི་མཉམ་རུབ་ཀྱི་ཐོག་ནས་གོམ་པ་མདུན་སྤོ་བྱ་རྒྱུའི་གྲ་སྒྲིག་ཨང་བསར་མཛད་དགོས་གལ་གནད་ཆེ་བ་དང༌། གལ་སྲིད་བོད་རང་དབང་བསྐྱར་གསོའི་ལས་དོན་འདི་བཞིན་ད་དུང་ལོ་ངོ་སྟོང་ཕྲག་གི་བར་བྱ་དགོས་བྱུང་བའི་གནས་སྟངས་ཤིག་ཤར་ནའང་སྙིང་སྟོབས་དང་བཟོད་བསྲན་ཞུམ་པ་མེད་པའི་སྒོ་ནས་བོད་རང་དབང་བསྐྱར་གསོ་མ་བྱུང་གི་བར་ནམ་ཡང་ངལ་གསོ་མི་རྒྱག་པའི་ཡིད་དམ་བརྟན་པོ་ཞིག་བཅས་དགོས་པ་དེ་ད་ལྟ་ང་ཚོའི་སྐབས་བབས་ཀྱི་འགན་ཁུར་ཆེན་པོ་ཞིག་ཡིན་པའི་གསལ་འདེབས་འབོད་སྐུལ་ཞུ་རྒྱུ་ཡིན།

སྐབས་བཅུ་གཅིག་པའི་སྤྱི་འཐུས་ལས་འགོ་བཙུགས་པ་ནས་བཟུང་ད་བར་བོད་མི་མང་ཚོགས་ཡོངས་ནས་སེམས་ཤུགས་དང་ཆིག་བསྒྲིལ་དཔལ་འབྱོར་བཅས་ཀྱི་རྒྱབ་རྟེན་འགྲན་བྲལ་གནང་བར་སྙིང་ནས་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་སྐུ་ཚེ་ཁྲི་ལོར་བརྟན་པ་དང༌། ཐུགས་ཀྱི་བཞེད་དགོངས་མཐའ་དག་འབད་མེད་ལྷུན་གྱིས་འགྲུབ་ཅིང་བོད་དོན་བདེན་མཐའ་མྱུར་དུ་གསལ་བ། བོད་མང་གཙོའི་རིང་ལུགས་ཁྲི་ལོར་བརྟན་པ་བཅས་ཀྱི་སྨོན་ལམ་ཞུ་རྒྱུ་ཡིན།། ༡༩༩༤ ཕྱི་ཟླ་ ༩ ཚེས་ ༢ ཉིན།