མདོ་སྟོད་ཆུ་སྒང་དམིགས་བསལ་ཚོགས་ཆེན་ཐོག་གནང་བའི་གསུང་བཤད།

༄༅། །དེ་རིང་མདོ་སྟོད་ཆོལ་ཁའི་དམིགས་བསལ་ཚོགས་ཆེན་འདིའི་ཐོག་ྋགོང་ས་མཆོག་ྋཞབས་སོར་འཁོད་པ་དང་ཆབས་ཅིག་བཙན་བྱོལ་བོད་གཞུང་གི་གཞུང་འཛིན་བཀའ་ཤག་དང༌། ཁྲིམས་བཟོ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་བཅས་པ་འདིར་མགྲོན་འབོད་གནང་སྟེ་གནས་ཚུལ་ཚིག་ཁ་ཤས་ཞུ་རྒྱུའི་གོ་སྐབས་གནང་བར་ཧ་ཅང་དགའ་ཚོར་ཆེན་པོ་བྱུང༌།ངས་གོ་སྐབས་འདི་གནད་འགག་ཆེན་པོ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། དེར་བརྟེན་ཚོགས་བསྐོང་འགན་འཛིན་ཚང་མར་ལེགས་སོའི་བསྔགས་བརྗོད་དང་བཅས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་ལྟའི་གནས་སྐབས་འདི་ང་ཚོའི་བོད་ཀྱི་རང་དབང་བསྐྱར་གསོའི་སྒྲུབ་པ་ཉམས་ལེན་གྱི་ལས་རིམ་ཧ་ཅང་གལ་གནད་ཆེན་པོའི་དུས་ཚོད་ཅིག་ཆགས་ཡོད། བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ལས་དོན་དེ་ཉི་མ་གཅིག་ཡིན་ཡང་སྔོན་ལ་བསྒྲུབ་དགོས་པ་ཞིག་དང༌། ཉི་མ་གཅིག་རྗེས་ལུས་ཐེབས་ན་ཧ་ཅང་གྱོང་ཆེན་པོ་རག་རྒྱུའི་གོ་སྐབས་དེ་འདྲ་ཞིག་སླེབས་སྐབས་བཙན་བྱོལ་བོད་མི་གཞུང་འབངས་ཡོངས་ཀྱིས་བོད་རང་དབང་བསྐྱར་གསོའི་ལས་དོན་གྱི་ཐོག་ཕྱར་གྲུ་མཉམ་འདེགས་བྱས་ནས་ཉིན་མཚན་ལྟོས་མེད་ཛ་དྲག་གིས་ལས་དོན་བྱེད་དགོས་པའི་གོ་སྐབས་ལ་ྋསྐྱབས་མགོན་རིན་པོ་ཆེའི་དབུ་ཁྲིད་དང་འཕྲིན་ལས་ཀྱི་འཇུག་པ་འཛམ་གླིང་རྒྱལ་སྤྱིའི་ནང་ཧ་ཅང་གི་རླབས་ཆེན་ཞིག་བྱུང་སྟབས་དེ་དང་ཕྱོགས་མཚུངས་ང་ཚོའི་འགལ་ཟླའི་ཕྱོགས་ནས་ང་རང་ཚོ་ནང་ཁུལ་གྱི་མཐུན་སྒྲིལ་གཏོར་བཤིག་གཏོང་རྒྱུ་དང༌། ང་ཚོའི་བདེན་པའི་ལས་འགུལ་གྱི་ནུས་ཤུགས་ཆུང་དུ་གཏོང་ཐབས་ཀྱི་ལས་འགུལ་ཉིན་རེ་ལས་ཉིན་རེར་སྤེལ་ཤུགས་ཆེ་རུ་འགྲོ་གི་ཡོད་པ་ངས་བཤད་མི་དགོས་པར་ཚང་མས་མཁྱེན་གསལ་རེད། འདི་འདྲའི་སྐབས་བབ་ཀྱི་དུས་ཚོད་འོག་ཁྱེད་རང་ཚོས་དམིགས་བསལ་ཚོགས་ཆེན་ཚོགས་པ་འདི་ང་ཚོ་ལས་ཀ་ཧ་ཅང་གྲ་སྒྲིག་པོ་དང་ཚགས་ཚུད་པོ་བྱུང་བའི་ཉེར་ལེན་གྱིས་དགའ་སྤྲོ་དང་ལྡན་པའི་ཐོག་ནས་བསྡུ་བསྐོང་བྱས་པ་ཞིག་མ་རེད།

ང་ཚོར་ཧ་ཅང་གི་ཛ་དྲག་གི་གནས་ཚུལ་ཞིག་དང༌། བློ་ཕམ་བྱེད་དགོས་པའི་བྱུང་རིམ་ཞིག་སླེབས་པ་འདི་ང་ཚོས་གང་འདྲ་བྱས་ཏེ་གདོང་ལེན་བྱེད་དགོས་པ་དང༌། དེས་ང་ཚོ་བོད་སྤྱིའི་ཆབ་སྲིད་ཀྱི་ལས་དོན་ཐོག་ལ་གནོད་སྐྱོན་མི་འགྲོ་བའི་ཐབས་ཤེས་བྱ་རྒྱུ་གང་འདུག དེ་དག་ལ་བསམ་གཞིགས་བྱེད་ཆེད་དང༌། ལྷག་པར་དུ་ཡང་མདོ་སྟོད་དང༌། དེའི་ནང་ནས་ཆུ་བཞི་སྒང་དྲུག་གི་སྒྲིག་འཛུགས་ཞེས་པ་འདི་བོད་ས་མ་ཤོར་གོང་ནས་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་རང་དོན་བློས་བཏང་བྱས་ནས་བཙུགས་པའི་སྒྲིག་འཛུགས་གལ་ཆེན་པོ་ཞིག་དང༌། དེ་འདྲའི་གལ་གནད་ཆེན་པོའི་སྒྲིག་འཛུགས་འདིས་འདས་པའི་ལོ་རྒྱུས་ནང་བྱས་རྗེས་ཆེན་པོ་ཞིག་བཞག་ཡོད་པ་ཙམ་དུ་མ་ཟད། མ་འོངས་འབྱུང་འགྱུར་གྱི་བོད་གསར་པའི་འཛུགས་སྐྲུན་གྱི་ནང་ལའང་མེད་དུ་མི་རུང་བ་ཞིག་དང༌། བྱ་གཞག་ཆེན་པོ་བླང་དགོས་མཁན་ཞིག་གི་སྒྲིག་འཛུགས་ཤིག་ཡིན་པ་དང༌། ད་ལྟ་ང་ཚོ་བོད་རང་དབང་བསྐྱར་གསོའི་འཐབ་རྩོད་བྱེད་པའི་སྐབས་ཡིན་ཡང༌། སྔོན་ལ་འགྲོ་མ་ཐུབ་ཀྱང་རྗེས་ལ་མ་ལུས་པ་བྱེད་དགོས་པའི་སྒྲིག་འཛུགས་ཤིག་ཆགས་ཡོད་སྟབས་སྒྲིག་འཛུགས་འདི་གང་འདྲ་བྱས་ཏེ་སྲུང་སྐྱོབ་བྱེད་ཐུབ་པ་དང༌། བར་ལམ་སྒྲིག་འཛུགས་འདིའི་མིང་ཐོག་ནས་འགལ་རྐྱེན་དང་སྐྱོན་ཆ་བྱུང་བ་དེ་དག་གང་འདྲ་བྱས་ཏེ་སེལ་ཐབས་བྱ་རྒྱུ། དེ་བཞིན་བསྐྱར་དུ་ང་ཚོའི་འགལ་ཟླའི་ཕྱོགས་ཀྱི་གཡོ་འཕྲུལ་དང༌། རྒྱུ་དངོས་ཀྱི་འགྲོ་སོང་ཁོ་ནས་བོད་མིའི་ཆིག་བསྒྲིལ་འདི་གཏོར་ཐུབ་ཀྱི་མེད་པ། ལྷག་པར་དུ་ཡང་ཆུ་བཞི་སྒང་དྲུག་གི་སྒྲིག་འཛུགས་འདི་གཏོར་མི་ཐུབ་པ་ང་ཚོས་གང་འདྲ་བྱས་ཏེ་བདེན་རྟགས་གསལ་པོ་ཞིག་བསྟན་དགོས་པ་དེ་དག་ལ་དགོངས་པ་བཞེས་ཆེད་ང་ཚོ་འདིར་འཛོམས་པ་རེད། དེར་བརྟེན་ངས་བློ་གདེང་འཁེལ་བའི་ཡིད་ཆེས་ཀྱི་ཐོག་ནས་ཞུ་རྒྱུ་ལ། དེ་རིང་འདིར་ཕེབས་མཁན་ཚོགས་མི་ཚང་མས་གང་ཟག་སྒེར་སོ་སོའི་དགའ་མིན་དགའ་ཐོག་གི་བསམ་བློ་དང༌། དེ་དང་ཕྱོགས་མཚུངས་པའི་གཏམ་བཤད་དང༌། ལས་དོན་འདྲ་མིན་གྱི་དབང་གིས་ང་ཚོའི་སེམས་འདི་ཁོང་ཁྲོ་དང༌། ང་རྒྱལ་གྱི་ཚོར་སྣང་འོག་ལ་ཕྱིན་ནས་དབྱིན་སྐད་ལྟར་བྱས་ན་ Emotional གྱི་བསམ་ཚུལ་འཁྱེར་ནས་བཀའ་བསྡུར་དང་ལས་དོན་མི་གནང་རྒྱུ་གལ་ཆེན་པོ་ཡིན་ཞེས་ངས་དང་ཐོག་ནས་སྙན་སེང་ཞུ་འདོད་བྱུང༌། ཛ་དྲག་གི་གནས་སྟངས་ལ་བརྟེན་ནས་ང་ཚོ་འདིར་འཛོམས་པ་ཡིན་སྟབས་ཛ་དྲག་འདིའི་འོག་ནས་ང་ཚོས་གང་འདྲ་བྱས་ཏེ་ཡང་ལངས་ཐུབ་པ་བྱ་རྒྱུའི་ཐད། ང་ཚོས་བགྲོ་གླེང་བྱེད་ཐུབ་ཀྱི་རེད། གདོང་ལེན་བྱས་པ་འདི་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཡོད་པ་ཞིག་གི་ཐོག་ནས་དེ་སྔ་བྱུང་བ་དང༌། ད་ལྟ་ཡོད་བཞིན་པ། མ་འོངས་པར་འབྱུང་སྲིད་པའི་དཀའ་ངལ་དེ་རིགས་མེད་པ་བཟོ་ཐུབ་པ་དང༌། ང་ཚོ་ད་ལྟ་ཕན་ཆད་དམ་བཅའ་ཡོད་པའི་མང་གཙོའི་ལས་རིམ་དང༌། མང་གཙོའི་འགྲོ་ལུགས་དང་མཐུན་པ་བྱས་ནས་མེད་པར་བཟོ་ཐུབ་པའི་ཐབས་ལམ་གང་འདྲ་ཞིག་འདུག དེའི་ཐད་རྣམ་དཔྱོད་དང༌། རང་དབང་གི་བློ་གྲོས་ཡག་པོ་གདོན་གནང་དགོས་རྒྱུ་འདི་ཐུགས་གལ་ཆེན་པོ་ཆགས་ཡོད། དི་མིན་གལ་འགངས་ཆེ་བའི་དུས་ཚོད་འདི་གནས་ཚུལ་ཆུང་རྩག་ཐོག་ཆུད་ཟོས་ཕྱིན་ན་ཕངས་པོ་རེད་བསམ་པ་དྲན་གྱི་འདུག སྤྱིར་བཏང་བོད་གཞུང་གི་ཆབ་སྲིད་ཀྱི་གནས་སྟངས་དང༌། ྋསྐྱབས་མགོན་རིན་པོ་ཆེའི་དགོངས་པ་བཞེས་ཕྱོགས། ད་ལྟ་ཕན་ཆད་ལ་བཙན་བྱོལ་བོད་གཞུང་གིས་འབད་བརྩོན་བྱས་པའི་ལས་རིམ་དེ་ཚོ་ཚང་མའི་སྐོར་ལ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བླ་ན་མེད་པའི་ཐུགས་རྗེ་དང༌། སྙིང་རྗེས་མ་འདོར་བའི་ཐོག་ནས་ཚོགས་བསྐོང་འགན་འཛིན་ཚོས་གསོལ་བཏབ་པ་ཇི་བཞིན་དེ་རིང་འདིར་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་གནང་ཡོད་པས་བཀའ་སློབ་གསུང་བཤད་བསྩལ་རྒྱུ་རེད། འདི་དག་ཚང་མས་ཡག་པ་བྱས་ཏེ་གསན་ནས་དགོངས་དོན་འགྲེལ་ཕྱོགས་མ་ནོར་བའི་ཐོག་ནས་ཐུགས་ལ་བཞག་དགོས་པ་དང༌། བཙན་བྱོལ་བོད་གཞུང་གི་དེ་སྔ་ཕན་ཆད་ཀྱི་བྱ་རིམ་དང༌། ད་ལྟའི་སྐབས་ཀྱི་ང་ཚོའི་ལངས་ཕྱོགས་གང་ཡིན་པ་ཚོགས་འདུར་གསལ་བཤད་རྒྱས་པ་བྱ་རྒྱུའི་གོ་སྐབས་ཡོང་རྒྱུའི་རེ་བ་ཡོད། དེ་སྐབས་མང་ཚོགས་ཀྱི་ངོས་ནས་ག་རེ་བཀའ་དྲི་གནང་རྒྱུ་ཡོད་ཀྱང་གནང་ན་ང་ཚོས་ཕྱི་གསལ་ནང་གསལ་བྱས་ནས་བདེན་པའི་གནས་སྟངས་གཞི་ལ་བཞག་པའི་ཐོག་ནས་ཞུ་རྒྱུའི་སྤོབས་པ་ཡོད་ལ་ཞུ་ཐུབ་ཀྱི་རེད་བསམ་གྱི་འདུག ད་ལྟ་ང་ཚོ་གྲོས་བསྡུར་མང་པོ་གནང་མི་དགོས་པའི་ཐོག་ནས་སྔོན་མ་མདོར་བསྡུས་ཞུ་རྒྱུ་ནི། ང་ཚོའི་ལས་དོན་ཧ་ཅང་གལ་ཆེན་པོ་དང་རྩ་ཆེན་པོ་ཞིག་གི་ཆེད་དུ་དཀའ་ལས་བརྒྱབ། འགྲོ་སོང་བཏང་ནས་ཁྱེད་རང་ཚོ་འདིར་ཕེབས་པ་རེད། འདིར་ཕེབས་པའི་དོན་དག་ལེགས་འགྲུབ་ཡོང་ཆེད་ཚང་མས་འགན་བཞེས་ཀྱི་རེད་ལ། དེ་ངེས་པར་དུ་བཞེས་རོགས་གནང་ཞེས་ཞུ་རྒྱུ་གཅིག་དང༌། འགན་བཞེས་པའི་སྐབས་གནས་ཚུལ་ཆུང་རྩག་དང་གོ་བརྡ་མ་འཕྲོད་པའི་རྐྱེན་གྱིས་དུས་ཚོད་འཕྲོ་བརླག་མི་འགྲོ་བ་ཞིག་དང༌། གཞི་རིམ་གྱི་བདེན་པའི་གནས་ལུགས་གང་ཡོད་པ་རྣམས་གསལ་པོ་ཤེས་ཐུབ་པ། བདེན་μུན་གྱི་དབྱེ་བ་ཕྱེ་ཐུབ་པ། བདེན་μུན་གྱི་དབྱེ་བ་ཕྱེ་བའི་ཐོག་ནས་སེམས་ཀྱི་ཚོར་བའི་ཉམས་སྣང་གི་ཐོག་ལ་མ་ཕྱིན་པར། དངོས་ཡོད་གནས་ཚུལ་དང་བསྟུན་པའི་ཐག་གཅོད་དྲང་བདེན་ཡག་པོ་གནང་ཐུབ་པ་དང༌། དེ་འདྲའི་ཐག་གཅོད་འདི་གང་འདྲ་བྱས་ཏེ་ལག་ལེན་བསྟར་རྒྱུ་དང༌། ལག་ལེན་བསྟར་ཐུབ་པའི་ཐབས་ལམ་དེ་ཡང་ང་ཚོས་གསལ་པོ་ཤེས་ཐུབ་པ་བྱ་རྒྱུ་འདི་གཉིས་ང་ཚོའི་ཚོགས་འདུ་འདིའི་གྲུབ་འབྲས་ཀྱི་སྙིང་པོ་ཡིན་པས་དེ་ལྟར་ལག་ལེན་ཐུབ་པ་ཞིག་གནང་དགོས་ཞེས་ཞུ་རྒྱུ་དང༌། དེ་རིང་འདིར་ཕེབས་མཁན་ཚང་མར་སྙིང་ནས་མཛའ་བརྩེའི་འཚམས་འདྲི་དགའ་བསུ་དང༌། ཚོགས་འདུ་འདི་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།།  ༡༩༩༤ ཕྱི་ཟླ་ ༡༠ ཚེས་ ༡༡ ཉིན།