མང་གཙོའི་དུས་ཆེན་ཉིན་གནང་བའི་གསུང་བཤད།

༄༅། །དེ་རིང་གི་ཉིན་མོ་འདི་དེང་རབས་བོད་ཀྱི་ལོ་རྒྱུས་ནང་ཧ་ཅང་གལ་གནད་ཆེ་བའི་ཉིན་མོ་ཞིག་ཡིན་པ་ཚང་མས་མཁྱེན་གསལ་རེད། ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དབུ་བརྙེས་པ་ནས་བཟུང་ལོ་ངོ་སུམ་ཅུའི་རིང་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་མང་གཙོ་ཚད་ལྡན་དུ་ཡོང་ཆེད་འབད་རྩོལ་མུ་མཐུད་དང༌།ཉམས་མྱོང་རིམ་བསགས་རྗེས་ཕྱི་ལོ་ ༡༩༩༡ ལོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཡང་དག་པའི་ལམ་སྟོན་འོག་སྐབས་བཅུ་གཅིག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་ཀྱིས་བཅའ་ཁྲིམས་ལྡན་པའི་མང་གཙོའི་ལམ་སྲོལ་ཆ་ཚང་ལག་ལེན་བསྟར་ནས་ད་བར་ཟླ་གྲངས་ཉི་ཤུ་རྩ་དྲུག་སོང་བའི་དུས་ཡུན་རིང་མང་ཚོགས་ཀྱི་བསམ་བློའི་གནས་ཚད་དང༌། སྐབས་བབས་ཀྱི་གནས་སྟངས་ལ་གཞིགས་པའི་མང་གཙོའི་ལམ་བཟང་ཐོག་མདུན་བསྐྱོད་བྱ་རྒྱུའི་ལས་རིམ་ལ་གྲུབ་འབྲས་མི་དམན་ཙམ་བྱུང་ཡོད་ནའང༌། གཙོ་གལ་ཆེ་ཤོས་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་སྲིད་ཟུང་འབྲེལ་གྱི་གནའ་བོའི་གོམས་གཤིས་བཟང་པོ། འཚེ་མེད་ཞི་བའི་ལྟ་བ་གཞིར་བཟུང་བོད་མི་ཚང་མར་ཆབ་སྲིད་དང༌། སྤྱི་ཚོགས། དཔལ་འབྱོར་བཅས་ཀྱི་འདྲ་མཉམ་དྲང་བདེན་ཡོང་བ། མ་འོངས་ཆོལ་གསུམ་ཡོངས་རྫོགས་ཀྱི་བོད་དེ་མང་གཙོ་དང༌། མཉམ་འབྲེལ། རང་སྲིད་རང་སྐྱོང་གི་ཡུལ་མིའི་རྒྱལ་ཁབ་ཅིག་དང༌། ཞི་བདེའི་བསྟི་གནས་སུ་བསྒྱུར་རྒྱུ། ལྷག་པར་བོད་ཀྱི་རྩ་དོན་སྒྲུབ་ཐབས་འབད་བརྩོན་གོང་མཐོར་གཏོང་བ་དང་ཆབས་ཅིག་གཞིས་བྱེས་བོད་མིའི་ཆིག་བསྒྲིལ་གྱི་ནུས་པ་དང༌། མང་གཙོའི་ལམ་སྲོལ་སྲ་བརྟན་ཡོང་དང་མི་ཡོང་རྒྱ་ཆེའི་མང་ཚོགས་ཀྱི་བསམ་བློའི་གནས་ཚད་ཁོ་ནར་རག་ལས་པར་མཐོང་སྟེ། སྤྱི་འཐུས་ལྷན་ཚོགས་ནས་གལ་ཆེ་དོན་ཆེར་རྩིས་ཏེ་སྔ་ལོ་དང་འདི་ལོ་གཉིས་ལ་ས་གནས་ཁག་ཏུ་གཞི་རིམ་མང་གཙོའི་ལམ་སྲོལ་གྱི་སྦྱོང་བརྡར་སྤྲད་པ་དང༌། ཉེ་བའི་དུས་སུའང་གཞིས་ཆགས་ཆེ་ཁག་དྲུག་གི་མང་ཚོགས་ལ་མང་གཙོའི་འགྲོ་ལུགས་དང༌། འགན་དབང༌། ཁྱད་ཆོས་བཅས་ཀྱི་གནད་དོན་རེ་རེ་བཞིན་ངོ་སྤྲོད་གནང་མཁན་སྤྱི་འཐུས་ཆེད་གཉེར་གྱིས་ས་གནས་སོ་སོའི་འགོ་མང་རྣམས་ལ་ཡིད་ཚིམས་ཀྱི་ལམ་སྟོན་དང་སློབ་གསོ་སྤྲོད་ཐུབ་པ་བྱུང་ཡོད། མ་འོངས་པར་ཡང་ལས་གཞི་དེ་མུ་མཐུད་གནང་འཆར་ཡོད།

ད་དུང་གལ་ཆེ་ནན་དཔེ་བཞིན་མང་ཚོགས་ནས་མང་གཙོའི་འགྲོ་ལུགས་ཚད་ལྡན་ཞིག་མ་ཤེས་ན་བོད་སྤྱིའི་རྩ་དོན་བསྒྲུབ་བྱར་ནུས་ཤུགས་འདོན་རྒྱུ་ཁག་པོ་ཡོང་གནས་ལ་ངོ་སྤྲོད་ཅུང་ཟད་ཅིག་ཞུས་ན། མང་གཙོའི་འགྲོ་ལུགས་ནང་སྲིད་གཞུང་གི་བསྒྲུབ་བྱ་གསུམ་ཡོད་པ་སྟེ། གཞུང་གི་འགན་འཛིན་དང༌། ཁྲིམས་བཟོའི་དབང་འཛིན། ཁྲིམས་ལུགས་དབང་འཛིན་བཅས་འགན་དབང་ཡོད་པའི་སྡེ་ཁག་གསུམ་པོ་དེ་ཡིན་ཅིང༌།

ཁྲིམས་བཟོའི་དབང་འཛིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་མང་གཙོའི་༡་ འགྲོ་ལུགས་དང་མཐུན་པའི་ཁྲིམས་ལུགས་བཟོ་འགོད་དང་གཏན་འབེབས་ཀྱིས་མཚོན་གཞུང་སྲིད་འཛིན་སྐྱོང་འགན་ཁུར་ནས་སྒྲིག་གཞི་གཞིར་བཟུང་ཕྱག་ལེན་བསྟར་གྱི་ཡོད་མེད་དང༌། མ་ཟད་འཛིན་སྐྱོང་ལས་དོན་ཐོག་ལ་རྒྱང་སོ་དང༌། ཞིབ་འཇུག་དང་འབྲེལ་དགེ་དོན་ཡོ་བསྲང་གི་འགན་ཁུར་བྱེད་དགོས།

གཞུང་གི་འགན་འཛིན་བཀའ་ཤག་ནས་ཆབ་སྲིད་དང༌། བྱེ་བྲག་རང་གཞུང་ལས་༢་ ཁུངས་མ་ལག་དང་བཅས་པའི་དངུལ་རྩིས་ཀྱིས་མཚོན་ལས་དོན་ཐོག་བཀོད་བྱུས་དང༌། ཚགས་ཚུད་ཡོང་མིན་ཞིབ་འཇུག་དང་འབྲེལ་གཞུང་སྲིད་འཛིན་སྐྱོང་གི་ལས་དོན་སྙན་ཞུ་སོགས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་སྙན་སེང་འགན་ཁུར་དགོས་པའི་འཛིན་སྐྱོང་གི་སྒྲིག་འཛུགས་མཐོ་ཤོས་དེ་ཡིན།

ཁྲིམས་ལུགས་དབང་འཛིན་པ་ནི། ཁྲིམས་བཟོ་ལྷན་ཚོགས་ཀྱིས་གཏན་ལ་ཕབ་ ༣་ པའི་བཅའ་ཁྲིམས་དང༌། སྒྲིག་གཞི་བཅས་ཀྱི་འབྲུ་དོན་ལས་འགལ་བའི་ཚུལ་མིན་བྱ་སྤྱོད་ཞུ་གཏུགས་རིགས་ལ་ཁྲིམས་ཉེས་གཅོད་པའི་རང་དབང་ཅན་གྱི་སྒྲིག་འཛུགས་མཐོ་ཤོས་བཅས་དེ་གསུམ་ཡིན་པ་མཁྱེན་དགོས།

རང་ཅག་བོད་མི་རྣམས་ལ་ད་ལྟ་དང༌། མ་འོངས་པའི་ཆབ་སྲིད་ལམ་སྟོན་དང༌། རྩ་ཁྲིམས་སྙིང་དོན་གསལ་བསྒྲགས་བསྐྱངས་པའི་དོན་གནད་རྣམས་གོ་རྟོགས་ཐུབ་པའི་སློབ་སྦྱོང་གནང་མ་ཐུབ་ན་མང་གཙོའི་ལམ་བཟང་གི་གོམ་བགྲོད་ཐོག་བསྐྱོད་མ་ཐུབ་པའི་དཀའ་ཚེགས་འཕྲད་རྒྱུར་བརྟེན་མང་ཚོགས་ཀྱི་བསམ་བློའི་གནས་ཚད་གོང་མཐོར་འགྲོ་བའི་སྦྱོང་བརྡར་གནང་རྒྱུ་མ་འོངས་པར་སྨོས་ཅི། ད་ལྟ་ཁ་ཚ་དགོས་གཏུགས་མང་གཙོའི་ལས་དོན་ཆ་ནས་ཀྱང་དགོས་པ་དགེ་མཚན་ཆེ་བས་མང་ཚོགས་ནས་སེམས་ཤུགས་ཆེར་བསྐྱེད་ཀྱིས་ཐུགས་སྣང་འབད་བརྩོན་དགོས་པའི་འབོད་བསྐུལ་ཞུ་རྒྱུ། མང་གཙོའི་ལམ་སྲོལ་གྱི་དགོས་དམིགས་མཐར་ཐུག་ནི་མི་མང་ཡོངས་ལ་ཆོས་རིག དཔལ་འབྱོར། སྤྱི་ཚོགས་བདེ་དོན་གང་ཐད་ནས་འདྲ་མཉམ་གཅིག་གྱུར་གྱིས་སྐྱེ་བོ་སུ་ལའང་གཅིག་ཕན་གཅིག་གྲོགས་མ་གཏོགས་གཅིག་འོག་གཅིག་མེད་པ་ཞིག་བཟོ་རྒྱུ་དེ་ཡིན་པ་དང༌། དེའི་ཐབས་ལམ་ཡང་གྲལ་རིམ་མཐུན་ལམ་དང༌། མང་ཚོགས་ཆིག་སྒྲིལ་ཁོ་ན་ལས་གཞན་མེད་སྟབས་བོད་ཡོངས་ནས་ཕ་རོལ་སླུ་བྲིད་མཁན་གྱི་གཡོ་འོག་ཏུ་མ་སོང་བར་ྋགོང་ས་ཆེན་པོའི་ཡང་དག་པའི་དབུ་ཁྲིད་ལམ་སྟོན་གྱི་འོག་ཆིག་སྒྲིལ་མཉམ་མཐུན་གྱི་ལམ་དུ་ཤར་སྐྱོད་ཀྱི་སྒོ་ནས་བོད་མིའི་ཆེད་དུ་བཙུགས་པའི་སྲིད་གཞུང་དེ་བོད་མི་ཡོངས་རྫོགས་ལ་ཕན་པ་ཞིག་བཟོས་དང་མ་བཟོ་བོད་མི་རང་ཉིད་ཀྱི་ལག་ཏུ་ཡོད་པ་དེ་ནམ་ཡང་མ་བརྗེད་པར་གནང་དགོས། ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བཀའ་སློབ་སྔ་རྗེས་དང༌། དེང་དུས་རྒྱལ་སྤྱིའི་འགྱུར་འགྲོས་བཅས་གང་ལ་གཞིགས་ཀྱང་བོད་མི་གཞིས་བྱེས་མཉམ་འཛོམས་ཀྱི་དུས་སྐབས་བཟང་པོ་མགྱོགས་མྱུར་འཆར་བའི་རེ་བ་ཧ་ཅང་ཆེན་པོ་ཡོད་པའི་སྐབས་འདིར། ཤ་རུས་གཅིག་ལས་མཆེད་པའི་སྤུན་ཟླ་ནང་ཁུལ་དོན་མེད་འཐེན་འཁྱེར་དང༌། དཀྲོག་གཏམ་གྱི་རྗེས་སུ་མ་རྒྱུགས་པར་བྱང་སེམས་འཕགས་པའི་བུ་རྒྱུད་རྣམས་མཐུན་པ་མཆེད་བཞིའི་ངང་ཚུལ་ལྟར་གདུང་སེམས་མཉམ་སྐྱེད་ཀྱིས་བོད་སྤྱི་པའི་དོན་ཆེན་ཐོག་ལ་རང་རང་སོ་སོའི་བགོ་སྐལ་ལས་དོན་གྱི་གྲུབ་འབྲས་ལེགས་སྐྱེས་སུ་འབུལ་ཐུབ་པའི་འབད་བརྩོན་དང༌། ཤུགས་སྣོན་སྔར་ལྷག་ཆེར་སྐྱེད་གནང་དགོས་ཀྱི་འདུག དེ་འདྲའི་གལ་གནད་ཅན་གྱི་དུས་སྐབས་འདིར་བཙན་བྱོལ་གཞུང་གིས་རྒྱ་དམར་དང་མཉམ་དུ་དོན་ཕན་ཡོད་པའི་འབྲེལ་ལམ་ཞི་མོལ་སྔོན་འགྲོའི་ཆ་རྐྱེན་མེད་པར་གནང་རྒྱུ་དང་གཅིག འཛམ་གླིང་ནང་བོད་ཀྱི་གནས་སྟངས་སྐོར་གསལ་བསྒྲགས་ནུས་ཤུགས་ཆེ་རུ་གཏོང་རྒྱུ་དང་གཉིས། རྒྱ་དམར་གྱིས་བོད་འདི་དཔལ་འབྱོར་འཛུགས་སྐྲུན་གྱི་བསྟི་གནས་སུ་གསལ་བསྒྲགས་བྱས་པའི་དོན་གནད་འདིས། བོད་ཀྱི་རིག་གཞུང་དང༌། བོད་མིའི་ངོས་འཛིན་བཅས་ལ་ཕན་གནོད་ཇི་འགྱུར་རྟོག་ཞིབ་བྱེད་རྒྱུ་དང་གསུམ། བཙན་བྱོལ་བོད་མིའི་ཆབ་སྲིད་ལམ་སྲོལ་མང་གཙོ་ཚད་ལྡན་དང༌། ལྷག་པར་མང་ཚོགས་ཁྲོད་དུ་མང་གཙོ་དངོས་སུ་ལག་བསྟར་ཐུབ་ཐབས་ལ་འབད་བརྩོན་ནུས་ཤུགས་ཆེ་རུ་གཏོང་རྒྱུ་བཅས་ཀྱི་དོན་གནད་བཞི་པོ་འདི་བསྒྲུབ་དགོས་པ་དམིགས་བསལ་གལ་གནད་ཆེ་བར་སོང༌། སྤྱི་འཐུས་ལྷན་ཚོགས་ནས་བོད་རྒྱའི་འབྲེལ་ལམ་གནང་ཕྱོགས་ཀྱི་ལམ་སྟོན་གྲོས་ཆོད་སྔ་རྗེས་རིམ་འཇོག་ཞུས་ཡོད། རྒྱལ་སྤྱིའི་ནང་བོད་ཀྱི་བདེན་དོན་གསལ་བསྒྲགས་ནུས་ཤུགས་ཆེ་རུ་གཏོང་ཆེད་འབྲེལ་ཡོད་ས་གནས་སྤྱི་འཐུས་དང་སྤྱི་ལྷན་སྐུ་ཚབ་གང་འཚམས་བོད་དོན་རྒྱབ་སྐྱོར་ཚོགས་འདུ་ཁག་དང༌། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བསྐྱོད་དང་སྐྱོད་བཞིན་ཁར་ཁྱད་པར་རྒྱ་གར་ཁུལ་བོད་དོན་ལ་སྨན་པའི་དྲིལ་བསྒྲགས་ལས་འགུལ་དང༌། ལྷག་པར་ཉེ་སྔོན་བོད་དོན་རྒྱབ་སྐྱོར་ཚོགས་པའི་མི་སྣ་མཁས་མཛངས་སྙན་གྲགས་ཅན་དང༌། གནད་ཡོད་དཔོན་རིགས་བཞུགས་སྒར་རྡ་རམ་ས་ལར་ཆེད་ཕེབས་ལྷན་ཚོགས་གནང་བ་དང༌། ཉེ་ཆར་ལྡི་ལིར་རྒྱ་གར་རྒྱལ་ཡོངས་གྲོས་ཚོགས་འཐུས་མི་ནས་བོད་དོན་སྐོར་དམིགས་བསལ་ཚོགས་ཆུང་ཞིག་ཟུར་འཛུགས་གནང་སྟེ། ཚོགས་ཆུང་དེའི་ནང་གྲོས་ཚོགས་འཐུས་མི་གྲངས་བརྒྱ་ཙམ་དང༌། སྲིད་བློན་ཟུར་པ་ཅནྡ྄རཤེཁར་གྱིས་མཚོན་སྙན་གྲགས་ཅན་གྱི་མི་སྣ་བཅས་ནས་བོད་དོན་བདེན་རྒྱབ་ཐོག་དམིགས་བསལ་ལྷན་ཚོགས་ཤིག་བསྐྱངས་ཏེ་བརྩེ་སེམས་ལྡན་པའི་གྲོས་བསྡུར་གནང་སྟེ་ཐུགས་མཐུན་གཅིག་གྱུར་བྱུང་བ་སོགས་གཙོ་བོ་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་རྨད་བྱུང་མཛད་རླབས་འོག་སྤྱི་མཐུན་བསོད་ནམས་ཀྱི་རྒྱབ་རྟེན་ཐུབ་པ་ཞིག་སྒྲུབ་ཐབས་དང༌། རང་རང་སོ་སོའི་སྒོ་གསུམ་ནུས་ཤུགས་དང་བསྟུན་པའི་མཐུན་འགྱུར་ཞབས་འདེགས་རྣམ་དག་ཞུ་རྒྱུའི་དུས་སྐབས་ཡིན་པ་མཁྱེན་པར་མཛད་དགོས། མཐའ་དོན་གཞིས་བྱེས་བོད་མི་ཡོངས་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད། འཇིག་རྟེན་ཞི་བདེའི་དེད་དཔོན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ྋཞབས་པད་ཁྲི་ལོར་བརྟན་ཅིང༌། ཐུགས་ཀྱི་བཞེད་དོན་ལྷུན་གྱིས་འགྲུབ་པ་དང༌། རིང་པོར་མི་ཐོགས་པར་བོད་རང་དབང་གི་བདེན་མཐའ་མྱུར་དུ་གསལ་ཏེ། གཞིས་བྱེས་ངོ་འཛོམས་ཀྱི་སྐལ་བཟང་དགའ་སྟོན་གྱི་དཔལ་ལ་སྤྱོད་པའི་སྨོན་འདུན་ཞུ་རྒྱུ་ཡིན། བཀྲི་ཤིས་བདེ་ལེགས།། ༡༩༩༣ ཕྱི་ཟླ་ ༩ ཚེས་ ༢ ཉིན།