སྐུའི་འཁྲུངས་སྐར་དུས་ཆེན་ཉིན་གནང་བའི་གསུང་བཤད།

༄༅། །དེ་རིང་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་སྐུའི་ཕྲེང་བ་བཅུ་བཞི་པ། འཇིག་རྟེན་ཞི་བདེའི་དེད་དཔོན། བདག་གི་མཁན་རིན་པོ་ཆེ་དོན་གྱི་སླད་དུ་མཚན་ནས་སྨོས་ན་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་སྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོགདགུང་གྲངས་ང་བརྒྱད་ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་གྱི་ཉིན་མོ་འདིར་ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་ཞབས་པད་སྲིད་མཐར་བརྟན་ཅིང༌། རླབས་ཆེན་ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པའི་སྨོན་འདུན་དང་ཆབས་ཅིག་གཞིས་བྱེས་བོད་མི་ཡོངས་ལ་མཛའ་བརྩེའི་འཚམས་འདྲི་ཞུ་རྒྱུ་ཡིན།

དེ་རིང་གི་ཉིན་མོ་འདི་ནི་རང་ཅག་གངས་ཅན་པ་ཙམ་དུ་མ་ཟད། རང་དབང་དང་ཞི་བདེ་ལ་དགའ་བའི་འཇིག་རྟེན་སྐྱེ་འགྲོ་ཡོངས་རྫོགས་ཀྱི་འདྲེན་པ་བླ་ན་མེད་པ་ཞིག་བསམ་བཞིན་སྲིད་པ་བཟུང་བའི་དུས་ཚོད་ཁྱད་པར་ཅན་ཞིག་ཡིན་སྟབས། རང་ཅག་ཚང་མས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་རྗེས་དྲན་ཞུ་འོས་པའི་དུས་ཚེས་ཤིག་ཡིན་པ་སྨོས་མ་དགོས། རང་ཅག་གངས་ཅན་པ་རྣམས་ལ་ནི་དུས་ཚེས་འདི་སྐྱེས་བུ་དམ་པ་བྱེ་བྲག་པ་ཞིག་གི་འཁྲུངས་ཚེས་ཙམ་མ་ཡིན་པར་རྒྱལ་ཁབ་ཀྱི་མི་ཚེ་གསར་པའི་སྐྱེས་ཚེས་དེ་ཡིན་པར་ངོས་འཛིན་བྱ་འོས་པ་ཞིག་ཡིན་སྟབས། ལྷག་པར་དུ་གལ་གནད་ཆེ་བའི་ཉིན་མོ་ཞིག་ཡིན་པས་དེ་རིང་གི་དུས་སྐབས་འདིར་ང་ཚོ་བོད་རིགས་ཚང་མས་ཡུལ་ལུང་དང༌། ཆོས་ལུགས་རིགས་རུས་ཀྱི་སྒོ་ནས་སྡེ་ཚན་རིས་སུ་བཅད་པའི་ཆོ་མེད་ཀྱི་བསམ་ཚུལ་རྣམས་ཡོངས་སུ་དོར་ཏེ་རང་གི་མི་རིགས་དང༌། རྒྱལ་ཁབ་ཀྱི་ངོ་བོ་ངོ་ཤེས་པ་བྱས་ནས་རྒྱལ་གཅེས་ལྷག་བསམ་གྱི་སྙིང་སྟོབས་ཞུམ་པ་མེད་པ་ཞིག་སླར་ཡང་བསྐྱེད་དེ། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཐུགས་ཀྱི་བཞེད་དགོངས་གཙོ་བོ་གང་ཡིན་པ་དེ་ངོས་ཟིན་པའི་སྒོ་ནས་དེ་དག་གེགས་མེད་ལྷུན་འགྲུབ་ཡོང་ཐབས་སུ་བོད་སྤྱི་མཐུན་གྱི་བསོད་ནམས་ཀྱི་རྒྱབ་རྟེན་ཐུབ་པ་ཞིག་སྒྲུབ་ཐབས་དང༌། རང་རང་སོ་སོའི་སྒོ་གསུམ་ནུས་ཤུགས་ཀྱི་འཁོས་ཀ་དང་བསྟུན་པའི་ཞབས་འདེགས་མཐུན་འགྱུར་གང་གྲུབ་ཅིག་ཞུ་རྒྱུའི་ཡིད་དམ་བརྟན་པོ་ཞིག་བཅང་དགོས་པའི་དུས་སྐབས་ཡིན་པ་མཁྱེན་པར་མཛད་དགོས།

ྋགོང་ས་ཆེན་པོའི་ཐུགས་ཀྱི་བཞེད་དགོངས་ཉག་ཅིག་ནི་མཁའ་ཁྱབ་འཇིག་རྟེན་གྱི་སྐྱེ་འགྲོ་མཐའ་དག་ཕན་ཚུན་བྱམས་བརྩེས་བཅིངས་པའི་ཞི་བདེ་བག་ཕེབས་སུ་གནས་པའི་ངང་ནས་ཚང་མས་འཇིག་རྟེན་སྤྱི་མཐུན་གྱི་ཁུར་འགན་བླང་ཤེས་པ་དང༌། བླང་ཐུབ་པ་ཞིག་ཏུ་བསྒྱུར་རྒྱུ་དེ་ཡིན་ཞིང༌། དེའི་ཆེད་ཨེ་ཤི་ཡའི་སྙིང་ཁམས་དང༌། འཇིག་རྟེན་གྱི་ཡང་ཐོག་ཏུ་གནས་པའི་བོད་གངས་ཅན་ལྗོངས་ཀྱི་རང་དབང་སླར་གསོའི་ཐོག་ཕྱི་སྣོད་ཀྱི་ཁོར་ཡུག་སྲུང་སྐྱོབ་དང༌། ནང་བཅུད་ཀྱི་སྐྱེ་འགྲོའི་ཆབ་སྲིད་དང༌། སྤྱི་ཚོགས། ཤེས་ཡོན། དཔལ་འབྱོར། འཕྲོད་བསྟེན་གྱིས་མཚོན་པའི་གནས་སྟངས་ཡོངས་རྫོགས་དམ་པའི་ཆོས་ཀྱི་དགོངས་དོན་འཚེ་མེད་ཞི་བའི་ལྟ་བར་གཞི་བཅོལ་བའི་རིང་ལུགས་ཁྱད་པར་ཅན་ཞིག་འཛུགས་སྐྲུན་འཛིན་སྐྱོང་གི་ཐོག་ནས་འཇིག་རྟེན་ཡོངས་ལ་ལམ་སྟོན་ཐུབ་པའི་དམིགས་དཔེ་གསར་པ་ཞིག་སྟོན་པ་གནང་རྒྱུའི་བཞེད་དགོངས་དེ་ཡིན་པ་ཚང་མས་མཁྱེན་གསལ་ལྟར་ལགས་ན། རང་ཅག་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་ད་ལྟ་བོད་རང་དབང་བསྐྱར་གསོའི་སྒྲུབ་པ་ཉམས་ལེན་གྱི་གོ་སྐབས་འདི་ཉིད་ཀྱི་ནང་འཚེ་མེད་དྲང་བདེན་གྱི་ལྟ་སྤྱོད་དྲི་མ་མེད་པར་ལག་ལེན་དུ་བསྟར་ཏེ་འཇིག་རྟེན་ཕལ་པའི་རྒྱལ་ཞེན་དང་རིགས་ཞེན་ལྟ་བུ་རང་རྒྱལ་གཞན་ཕམ་གྱི་བློ་ངན་རིང་དུ་དོར་ཏེ་འཇིག་རྟེན་སྤྱིའི་ཕན་བདེ་དེ་མཐར་ཐུག་གི་བསྒྲུབ་བྱར་བཟུང་སྟེ་དེའི་ཐབས་ལམ་དུ་བོད་ཀྱི་རང་དབང་བསྐྱར་གསོ་བྱ་དགོས་པ་དང༌། དམིགས་ཡུལ་ངོ་འཕྲོད་པ་མཛད་དེ། འཇིག་རྟེན་སྤྱིའི་བདེ་དོན་གྱི་ཆེད་དུ་རང་རང་གི་རྒྱལ་ཁབ་དང༌། མི་རིགས་ཀྱི་ཁེ་ཕན་ཡོངས་རྫོགས་ཀྱང་མཆིལ་མའི་ཐལ་བ་བཞིན་དུ་བློས་བཏང་ནུས་པའི་ལྷག་བསམ་དང་སྙིང་སྟོབས་རླབས་ཆེན་ཞིག་བསྐྱེད་དགོས་པ་དེ་ཤིན་ཏུ་གལ་ཆེ་བར་མཐོང༌།

ད་ལྟའི་གནས་སྐབས་འདིར་བོད་ཀྱི་རང་དབང་བསྐྱར་གསོ་བྱ་རྒྱུའི་ལས་དོན་གྱི་འགལ་རྐྱེན་ཆེ་ཤོས་ནི་རྒྱ་དམར་དབང་སྒྱུར་མཁན་གྱི་སྲིད་དོན་གྱི་སྟོབས་ཤུགས་དེ་རྩ་བ་ནས་མ་རེད། འགན་རྐྱེན་ཆེ་ཤོས་རང་ཅག་བོད་མི་རྣམས་ཀྱི་སེམས་རྒྱུད་ལ་ཡོད་པའི་ཕྱོགས་རིས་དང༌། ཆགས་སྡང༌། རང་རྒྱལ་གཞན་ཕམ་འདོད་པའི་ཀུན་སློང༌། དགྲ་ཕྱོགས་ལ་དམིགས་པའི་ཁོང་ཁྲོ། འཚེ་བའི་བྱ་བ་གཏན་སྤོང་བྱ་རྒྱུའི་བློ་སྤོབས་བསྐྱེད་མ་ནུས་པ་འདི་རྣམས་ཡིན། བོད་མི་ཡོངས་རྫོགས་ཀྱི་རྒྱུད་ལ་འཚེ་བ་སྤོང་ཞིང༌། ཞི་བ་དང་བདེན་པ་འབའ་ཞིག་ལ་ཐེ་ཚོམ་མེད་པའི་ཡིད་ཆེས་བརྟན་པོ་སྐྱེ་ཐུབ་པ་ཞིག་བྱུང་བ་ཡིན་ན། དེ་འདྲའི་སྙིང་སྟོབས་བྱུང་བའི་ཉིན་མོ་དེ་ནས་ཉིན་ཞག་བདུན་ལས་མ་འགྱངས་པར་བོད་ལྗོངས་རང་དབང་སླར་གསོའི་ལས་དོན་ཡོངས་སུ་རྫོགས་པ་འགྲུབ་རྒྱུ་ཡིན་པ་དེ་ཁོ་བོས་ཚིག་ཐག་གཙང་མ་བཅད་དེ་བརྗོད་རྒྱུ་ལ་ཐེ་ཚོམ་དང་ཡིད་གཉིས་སྤུ་ཙམ་མེད། དེས་ན་དེ་རིང་གི་སྐལ་བ་བཟང་པོའི་ཉིན་མོ་འདིར་ངས་འདིར་ཕེབས་ཀྱི་སེར་སྐྱ་མི་མང་ལྷན་རྒྱས་དང༌། ཁྱེད་རྣམ་པ་བརྒྱུད་ནས་གཞིས་བྱེས་བོད་མི་ཡོངས་རྫོགས་ལ་སྙིང་ཐག་པ་ནས་གལ་གནད་ལྷག་པར་ཆེ་བའི་འབོད་བསྐུལ་ནན་ཏན་དུ་ཞུ་རྒྱུ་ཞིག་ལ། ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཐུགས་ཀྱི་བཞེད་དགོངས་འཇིག་རྟེན་སྐྱེ་འགྲོ་ཡོངས་རྫོགས་བྱམས་བརྩེ་དང༌། ཞི་བདེའི་ངང་ནས་འཇིག་རྟེན་སྤྱི་མཐུན་གྱི་འགན་ཁུར་ངོ་ཤེས་པ་བཟོ་རྒྱུའི་མཐར་ཐུག་གི་བསྒྲུབ་བྱ་དེ་གལ་གནད་ཆེ་བ་ཡིན་པའི་གནས་ཚུལ་དང་གཅིག བསྒྲུབ་བྱ་དེའི་ཆེད་བོད་ལྗོངས་ཀྱི་རང་དབང་དང་དེའི་སྣོད་བཅུད་ཀྱི་སྐྱེ་འགྲོའི་གནས་སྟངས་ལམ་སྟོན་དཔེར་མཚོན་འོས་པ་ཞིག་བཟོ་རྒྱུ་དེ་ཇི་ཙམ་གལ་ཆེ་བ་ཡིན་པ་དང་གཉིས། དེ་འདྲའི་ལས་དོན་དེ་འཚེ་བ་མེད་པ་དང༌། བདེན་པའི་ལམ་ཁོ་ན་བརྒྱུད་ནས་བསྒྲུབ་དགོས་པ་དང༌། བསྒྲུབ་ཐུབ་པ་ཡིན་པ་གསུམ་པོ་དེ་མཐའ་ཆོད་པར་ངོ་ཤེས་པའི་ཐོག་ནས་ྋགོང་ས་ཆེན་པོའི་ཐུགས་ཀྱི་བཞེད་དོན་འགྲུབ་པའི་མཐུན་རྐྱེན་དུ་བོད་མི་རེ་རེའི་ངོས་ནས་འཇིག་རྟེན་སྤྱི་མཐུན་གྱི་འགན་ཁུར་ཡང་དག་པ་ཐེག་ཐུབ་པ་ཞིག་གནང་སྐྱོང་ཡོང་བ་ཞེས་ཞུ་རྒྱུ་དེ་ཡིན། གལ་གནད་འདི་དག་གི་ཐོག་རྒྱུ་མཚན་ལྡན་པའི་བསམ་ཞིབ་ཕྲན་བུ་ཞིག་བྱས་པ་ཡིན་ནའང༌། ྋགོང་ས་ཆེན་པོའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་རྒྱུའི་ལས་དོན་དེ་ལེགས་པར་འགྲུབ་པ་ཞིག་ཡིན་པ་བརྗོད་མ་དགོས།

མཐའ་དོན་ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང༌། རླབས་ཆེན་ཐུགས་ཀྱི་བཞེད་དོན་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པ་དང༌། རང་ཅག་གཞིས་བྱེས་བོད་མི་ཡོངས་ཀྱང་ྋགོང་ས་ཆེན་པོའི་བཞེད་དགོངས་སྒྲུབ་པའི་མཐུན་འགྱུར་ཞབས་འདེགས་རྣམ་དག་ཞུ་ཐུབ་པ་ཡོང་བའི་སྨོན་འདུན་མཚམས་སྦྱོར་ཞུ་རྒྱུ་ཡིན།། ༡༩༩༣ ཕྱི་ཟླ་ ༧ ཚེས་ ༦ ཉིན།