སྐུའི་འཁྲུངས་སྐར་དུས་ཆེན་ཉིན་གནང་བའི་གསུང་བཤད།

༄༅། །རྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་མཆོག་ཕྱག་ན་པདྨོ་གསུམ་ལྡན་རྡོ་རྗེ་འཛིན་པའི་གཟུགས་སུ་ཟློས་པ། འཇིག་རྟེན་ཞི་བདེའི་དེད་དཔོན། ལྷ་བཅས་སྲིད་ཞིའི་རྣམ་འདྲེན་ྋགོང་ས་ྋསྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ། བདག་གི་མཁན་རིན་པོ་ཆེ་ཞལ་སྔ་ནས་དགོས་པ་དང་དོན་གྱི་སླད་དུ་མཚན་དངོས་ནས་སྨོས་ན་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་སྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་ངེས་པའི་དོན་དུ་སྤྲོས་བྲལ་ཆོས་སྐུ་ཟག་པ་ཀུན་སྤངས་ཁ་སྦྱོར་ཡན་ལག་བདུན་ལྡན་འཕོ་མེད་བདེ་ཆེན་རྡོ་རྗེའི་རང་བཞིན་སྐྱེ་འཇིག་འཕོ་འགྱུར་གྱི་ཆོས་ལས་ཡོངས་སུ་འདས་པ་ལོ་ཟླ་ཞག་དུས་ལང་ཚོའི་བགྲང་བྱས་གཞལ་དུ་མེད་པ་དེ་ལྟར་ཡང༌། དྲང་དོན་གདུལ་བྱའི་སྣང་ངོར་ཆུ་ཟླ་བཞིན་དུ་གང་ལ་གང་འདུལ་སྤྲུལ་པའི་སྣང་བརྙན་འབད་མེད་ལྷུན་འགྲུབ་ཏུ་འཆར་བ་རགས་པའི་གཟུགས་སྐུ་བདག་ཅག་གདུལ་བྱའི་མགོན་དུ་ལྷམ་མེར་འཆར་ནས་དགུང་གྲངས་ ༥༧ ལ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་དུས་ཆེན་ཁྱད་པར་ཅན་འདིའི་ཉིན་གུས་པས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྒོ་གསུམ་རབ་གུས་དྭང་བ་ཆེན་པོས་ཞིང་རྡུལ་གྲངས་སྙེད་ལུས་ཀྱི་གུས་ཕྱག་དང་བཅས་ཡན་ལག་བདུན་གྱི་དངོས་པོ་སྔོན་དུ་བཏང་སྟེ་གུས་འདུད་འཚམས་ཞུ་དང༌། བཀྲིས་བདེ་ལེགས་ཞུ་བ་དང་ཆབས་ཅིག ལུས་དང་ལོངས་སྤྱོད་དུས་གསུམ་དགེ་བའི་དངོས་ཀུན་རིན་ཆེན་མཎྜལ་བཟང་པོའི་རྣམ་པར་ལྟོས་པ་མེད་པར་འབུལ་བའི་སྒོ་ནས་མཁའ་ཁྱབ་ཀྱི་སྐྱེ་རྒུ་སྙིགས་མའི་རྒུད་ཚོགས་དུ་མས་ཉམ་ཐག་པ་རྣམས་ཀྱི་མགོན་དང་སྐྱབས་དང༌། དཔུང་གཉེན་གཅིག་པུར་ཞབས་ཟུང་གཡོ་མེད་སྲིད་མཐའི་བར་དུ་མི་ཤིགས་པའི་རྡོ་རྗེ། མི་འགྱུར་བའི་གཡུང་དྲུང༌། མི་ནུབ་པའི་རྒྱལ་མཚན་གྱི་ངོ་བོར་བརྟན་པར་བཞུགས་སུ་གསོལ་ཞེས་རྩེ་གཅིག་གདུང་ཤུགས་དྲག་པོས་གསོལ་བ་ཕུར་ཚུགས་སུ་སྙིང་ཁོང་རུས་པའི་གཏིང་ནས་འདེབས་རྒྱུ་ལགས་པ་དང༌། མགོན་པོ་གང་གི་སྐྱབས་འོག་ཏུ་གཏོགས་པ་བདག་ཅག་གཞིས་བྱེས་བོད་མི་ཡོངས་ཀྱིས་ཀྱང་གང་གི་བཀའ་སློབ་གསུང་གི་བདུད་རྩི་སྙིང་དབུས་སུ་བཅངས་ཏེ་དམ་ཚིག་གོང་བུ་གཅིག་བསྒྲིལ་གྱི་ཐོག་ནས་བོད་མི་མང་གཞིས་བྱེས་མཉམ་འཛོམས་ཀྱི་བདེ་སྐྱིད་ཀྱི་ཉི་མ་མྱུར་དུ་ཤར་བའི་ཆེད་མང་གཙོའི་ལམ་བཟང་དུ་ཤར་བསྐྱོད་ཀྱིས་ཆབ་སྲིད་ལུགས་གཉིས་ཀྱི་ཁུར་འཁྲིའི་ཞུ་སྒོ་རྣམས་ཚུལ་བཞིན་ཞུ་རྒྱུའི་དམ་བཅའ་བརྟན་པོ་འབུལ་རྒྱུ་ལགས། ད་རེས་ཀྱི་དུས་སྐབས་འདིར་བོད་མི་ཡོངས་ཀྱིས་ྋགོང་ས་ཆེན་པོའི་སྐུའི་གསང་བ་གསུམ་གྱི་ཡོན་ཏན་དང་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས། ཅི་གསུང་བཀའ་བསྒྲུབ་དང༌། ཐུགས་ཀྱི་བཞེད་དོན་རྣམས་བགེགས་མེད་ལྷུན་འགྲུབ་ཡོང་ཐབས་ལ་ནུས་པ་ཡོད་རྒུ་རྩལ་སྤྲུགས་ཞུ་རྒྱུའི་ཡིད་དམ་བརྟན་པོ་ཞིག་བཅས་ཐུབ་པ་བྱུང་ན་འཁྲུངས་སྐར་སྲུང་བརྩི་ཞུ་བའི་བྱེད་སྒོ་དོན་དང་ལྡན་པ་ཞིག་ཡོང་རྒྱུ་སྨོས་མ་དགོས།

ྋགོང་ས་ཆེན་པོའི་ད་ལྟའི་སྐབས་ཀྱི་བཞེད་དགོངས་གཙོ་ཆེ་ཤོས་ཤིག་ནི་གནས་སྐབས་བཙན་བྱོལ་དང་མཐར་ཐུག་རང་དབང་བོད་ཀྱི་ཆབ་སྲིད་འཚེ་མེད་ཞི་བའི་ལྟ་བར་གཞི་བཅོལ་བའི་མང་གཙོའི་ལམ་བཟང་ཚད་ལྡན་ཞིག་འཛུགས་རྒྱུ་དེ་ཡིན་ཞིང༌། དེའི་ཆེད་ཚང་མས་ལྷག་བསམ་ཆེན་པོས་འབད་རྩོལ་གནང་དགོས། དེང་སྐབས་རྒྱ་ཕྱོགས་ནས་བོད་མིའི་ཆིག་བསྒྲིལ་གཏོར་བཤིག་གཏོང་ཐབས་ལ་སྒོ་དུ་མ་ནས་འབད་རྩོལ་བྱེད་ཀྱི་ཡོད་པ་མ་ཟད། ངན་བྱུས་འདིའི་ཐོག་ནུས་པ་ཐོན་ཡོད་པའི་སྤོབས་པའང་བྱེད་ཀྱི་ཡོད། ཉེ་ཆར་དྲིལ་བསྒྲགས་ཁག་ཏུ་བཙན་བྱོལ་བོད་མིའི་ནང་ཆོས་ལུགས་དང༌། ཆོལ་ཁའི་འཐེན་འཁྱེར་ཤུགས་ཆེ་སྔ་མོ་ནས་ཡོད་པ་མ་ཟད། ད་ཆ་བསམ་བློའི་འཐེན་འཁྱེར་གཞུང་འཛིན་ལས་བྱེད་མཐོ་རིམ་ནང་དུའང་མངོན་གསལ་དོད་པོ་ཆགས་ཟིན་པས་རིང་པོར་མི་ཐོགས་པར་བཙན་བྱོལ་བོད་གཞུང་གི་སྒྲིག་འཛུགས་འཐོར་ངེས་ཡིན་པའི་གནས་ཚུལ་བཤད་ཡོད། དེ་ནི་ཡོང་ཐབས་མེད་པའི་རེ་སྟོང་ཞིག་ཡིན་པའི་ངོ་སྤྲོད་མཛུབ་སྟོན་བྱེད་དགོས།

ང་ཚོ་མང་གཙོའི་ལམ་སྲོལ་བཟང་པོའི་ནང་བསྐྱོད་བཞིན་པར་བརྟེན་བོད་ཀྱི་ཡུལ་མི་སུ་ལའང་རང་རང་གི་བསམ་ཚུལ་མི་འདྲ་བ་འཆང་ཆོག་པ་དང༌། བཤད་ཆོག་པའི་རང་དབང་ཡོད་པས་སྲིད་དོན་གྱི་ལྟ་བ་འདྲ་མིན་སྣ་ཚོགས་མངོན་གསལ་དོད་པོ་ཡོད་པ་དང༌། དེ་དག་འཇིགས་ཞུམ་མི་དགོས་པར་གསལ་བཤད་གོ་བསྡུར་བྱེད་ས་ཡོད་པ་དེ་མང་གཙོའི་ལམ་སྲོལ་གྱི་གཞི་རིམ་གྱི་ཡོན་ཏན་ཁྱད་པར་ཅན་ཞིག་ཡིན་པ་དེ། གཅིག་སྡུད་བཙན་དབང་གི་ལམ་མ་གཏོགས་མི་ཤེས་པའི་རྒྱ་མིའི་འགོ་ཁྲིད་ཚོས་མཐོང་མི་ཐུབ་པའི་རྟགས་མཚན་རེད། བོད་མིའི་རྩ་དོན་སྒྲུབ་ཕྱོགས་ཐད་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཡང་དག་པའི་རླབས་ཆེན་གྱི་དབུ་ཁྲིད་ལམ་སྟོན་འོག་བོད་མི་ཡོངས་རྫོགས་ཆིག་བསྒྲིལ་གྱིས་ཤར་བསྐྱོད་བྱ་རྒྱུའི་ནུས་པ་སྲ་བརྟན་ཡོད་པ་དེ་ད་དུང་ཤུགས་སྣོན་དང་གསལ་བར་བྱེད་དགོས་པ་དེ་གལ་གནད་ཆེ་བ་ཚང་མས་ཐུགས་དགོངས་སུ་མངའ་བ་འཚལ།།

༈ ༡༩༩༢ ཕྱི་ཟླ་ ༩ ཚེས་ ༢ ལ་མང་གཙོའི་དུས་ཆེན་ཉིན་གནང་བའི་གསུང་བཤད།༄༅། །མཛའ་བརྩེ་ལྡན་པའི་མི་མང་ལྷན་རྒྱས་ལ་ཞུ་རྒྱུ། དེ་རིང་བོད་མང་གཙོ་དབུ་བརྙེས་ནས་ལོ་སུམ་ཅུ་སོ་གཉིས་འཁོར་བའི་དུས་དྲན་གྱི་ཉིན་མོ་འདིར་ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་འདིར་ཕེབས་མི་མང་རྣམ་པ་དང༌། ཁྱེད་རྣམ་པ་བརྒྱུད་ནས་གཞིས་བྱེས་བོད་མི་ཡོངས་μོགས་ལ་མཛའ་བརྩེའི་འཚམས་འདྲི་དང་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན།

དེ་རིང་གི་ཉིན་མོ་འདི་དེང་རབས་བོད་ཀྱི་ལོ་རྒྱུས་ནང་ཧ་ཅང་གལ་གནད་ཆེ་བའི་ཉིན་མོ་ཞིག་ཡིན་པ་མཁྱེན་གསལ་རེད། ༡༩༦༠ ལོའི་ཟླ་ ༩ ཚེས་ ༢ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དབུ་བརྙེས་པ་ནས་བཟུང་ལོ་ངོ་སུམ་ཅུའི་རིང་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་མང་གཙོ་ཚད་ལྡན་དུ་བསྒྱུར་ཆེད་འབད་རྩོལ་མུ་མཐུད་དང༌། ཉམས་མྱོང་རིམ་བསགས་རྗེས། ༡༩༩༡ ལོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཡང་དག་པའི་ལམ་སྟོན་འོག་སྐབས་བཅུ་གཅིག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་ཀྱིས་བཅའ་ཁྲིམས་ལྡན་པའི་མང་གཙོའི་ལམ་སྲོལ་ཆ་ཚང་ལག་ལེན་བསྟར་ནས་ད་བར་ཟླ་གྲངས་བཅུ་བཞི་སོང་བའི་དུས་ཡུན་དེའི་རིང་རང་རེའི་མང་ཚོགས་ཀྱི་བསམ་བློའི་གནས་ཚད་དང༌། སྐབས་བབས་ཀྱི་གནས་སྟངས་ལ་གཞིགས་པའི་མང་གཙོའི་ལམ་བཟང་ཐོག་མདུན་བསྐྱོད་བྱ་རྒྱུའི་ལས་རིམ་ལ་གྲུབ་འབྲས་མི་དམན་ཙམ་བྱུང་སོང་སྙམ་པའི་སྤོབས་པ་ཡོད། སྤྱི་འཐུས་ལྷན་ཚོགས་སྐབས་བཅུའི་རིང་གི་ལས་དོན་བྱེད་ཕྱོགས་དང་མི་འདྲ་བའི་ལམ་སྲོལ་གསར་པ་ཞིག་གི་ནང་གློ་བུར་གོམ་བགྲོད་བྱ་རྒྱུར་དཀའ་རྙོག་དང་བར་ཆད་དུ་མ་ཞིག་ཡོང་རྒྱུ་ཡིན་པ་སྨོས་མེད་ཀྱང༌། ྋགོང་ས་ཆེན་པོའི་ལམ་སྟོན་དང་ཐུགས་བསྐྱེད་ཉག་ཅིག་གི་ཐུགས་རྗེས་ཡིད་དྭོགས་བྱ་འོས་པའི་དཀའ་རྙོག་རེ་ཟུང་བྱུང་བ་ཡང་སྦྲུལ་མདུད་རང་ཞིག་གི་ངང་ཚུལ་དུ་གྱུར་ཏེ། བོད་མིའི་ཆིག་བསྒྲིལ་དང་མང་གཙོའི་བཅའ་ཁྲིམས་ཀྱི་དགོངས་དོན་ལག་བསྟར་བྱ་རྒྱུར་འགལ་རྐྱེན་གང་ཡང་མ་བྱུང་བ་འདི་ཚང་མས་ཡི་རངས་བྱ་ཡུལ་གྱི་གནས་སུ་གྱུར།

ཁྲིམས་བཟོ་ལྷན་ཚོགས་ཀྱི་ལས་འགན་གཙོ་བོ་ཁྲིམས་ཡིག་དང་སྒྲིག་གཞི་ཁག་གཏན་འབེབས་བྱ་རྒྱུའི་ཐད། འདས་པའི་ཚོགས་དུས་སྔ་རྗེས་གཉིས་ཀྱི་ནང་གཞུང་དངུལ་འདུ་འགོད་དང༌། ལོ་འཁོར་སྔོན་རྩིས་སྒྲིག་གཞི་དང༌། དང་བླང་དཔྱ་ཁྲལ་གྱི་ཁྲིམས་ཡིག གཞུང་གི་འཛིན་སྐྱོང་གི་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་བཅས་ཀྱིས་མཚོན་ཁྲིམས་ཡིག་དང་སྒྲིག་གཞི་བཅུ་ཕྲག་ལ་ཉེ་བ་ཞིག་གཏན་འབེབས་ཀྱིས་རིམ་པས་ལག་བསྟར་བྱེད་མུས་མ་ཟད། རྩིས་ལོ་ ༡༩༩༢་་༩༣ གྱི་ལོ་འཁོར་སྔོན་རྩིས་ཀྱང་བཅའ་ཁྲིམས་དང༌། འབྲེལ་ཡོད་སྒྲིག་གཞི་གཞིར་བཟུང་གཏོང་ལེན་ཁྲིམས་ཡིག་གི་ལམ་ནས་གཏན་འབེབས་ཞུ་ཐུབ་པ་དེ་དག་ཁྲིམས་བཟོའི་ལས་དོན་གྱི་གྲུབ་འབྲས་ཤིག་ཡིན་པ་དང༌། ཕྱོགས་མཚུངས་ཆབ་སྲིད་ཀྱི་སྲིད་བྱུས་གཏན་འབེབས་བྱ་རྒྱུའི་ཐད་ལའང༌། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་འབྲུ་དོན་ལྟར་སྲིད་དོན་གྱི་ཚོགས་པ་བྱེ་བྲག་པ་ཞིག་གིས་གཞུང་སྲིེད་བསྐྱང་རྒྱུ་མ་ཡིན་པར་སྤྱི་འཐུས་ཀྱིས་ཐད་ཀར་འོས་འདེམས་བྱས་པའི་བཀའ་ཤག་གིས་རྒྱལ་ཁབ་ཀྱི་སྲིད་གཞུང་(National Government) གི་ཚུལ་དུ་འགན་འཛིན་བྱ་དགོས་ལ་བརྟེན། གཞུང་འཛིན་དང༌། ཕྱོགས་འགལ་ཚོགས་པ་གཉིས་ཀའི་འགན་དབང་ཆབས་ཅིག་སྤྱི་འཐུས་ལྷན་ཚོགས་ཀྱིས་ལག་བསྟར་ཞུ་དགོས་པས་རྙོག་འཛིངས་དམིགས་བསལ་བ་ཞིག་ཡོད་པ་དེ་ལྟར་ཡང༌། སྐབས་བབས་ཀྱི་དགོས་གནད་ལ་གཞིགས་པའི་བཙན་བྱོལ་གཞུང་གི་ནང་སྲིད་དང༌། ཤེས་རིག དཔལ་འབྱོར། ཕྱི་འབྲེལ་བཅས་ཀྱི་སྲིད་བྱུས་འཛིན་སྟངས་ཐོག་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ལམ་སྟོན་གྱི་ས་མཚམས་ལས་མི་བརྒལ་བར་སྲིེད་བྱུས་ཚགས་ཚུད་ཡོང་ཐབས་ཀྱི་སྐོར་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་སྔ་ཕྱི་གཉིས་ཀར་བགྲོ་གླེང་གཏིང་ཟབ་བྱས་ཏེ་ལམ་ཕྱོགས་གསལ་སྟོན་ཞུས་ཐུབ་པ་བྱུང་བ་མ་ཟད། ལྷག་པར་འདས་པའི་ལོ་ངོ་གསུམ་ལྷག་གི་རིང་རྒྱ་དམར་དང་མཉམ་དུ་འཕྲོས་མོལ་བྱ་རྒྱུའི་འབྲེལ་ལམ་རྩ་ཆད་དུ་གྱུར་པ་དེ་དག་ད་ཆ་སྤྱི་འཐུས་ལྷན་ཚོགས་ཀྱིས་བཞག་པའི་གྲོས་ཆོད་ཀྱི་འབྲུ་དོན་དང་མི་འགལ་བའི་ཐོག་བསྐྱར་གསོ་བྱུང་སྟེ། རིང་མིན་སྐུ་ཚབ་ཚོགས་ཆུང་ཆེད་གཏོང་གནང་འཆར་སྐོར་ལའང་བགྲོ་གླེང་དང་སྲིད་བྱུས་གསལ་སྟོན་བྱས་པ་འདི་དག་ཐུགས་སྣང་གནང་འོས་པའི་གནས་ཚུལ་གྱི་འགྱུར་རིམ་ཞིག་ཡིན།

རྒྱ་ནག་ཐེ་ཝན་གཞུང་མང་དང་འབྲེལ་ལམ་སྐོར་སྲིད་བྱུས་འཛིན་ཕྱོགས་ཐད། ྋགོང་ས་ཆེན་པོའི་བཀའ་སློབ་སྔ་རྗེས་དང༌། ད་སྔོན་ཆེས་མཐོའི་རྒྱུན་ལས་ཀྱི་བཅད་ཁྲའི་འབྲུ་དོན་བཅས་ལ་རྩ་འཛིན་རྒྱུན་སྐྱོང་ལས། ལས་དོན་རྙོག་འཛིངས་དང་འགྱུར་བ་སྣ་ཚོགས་ཀྱིས་རྐྱེན་པས། སྐབས་བཅུ་གཅིག་པའི་སྤྱི་ལྷན་གྱིས་ཐག་གཅོད་དང་ལམ་སྟོན་གསར་པ་ཞིག་ད་བར་ཞུ་ཐུབ་པ་བྱུང་མ་སོང་ཡང༌། རིང་མིན་ཐག་གཅོད་གསལ་པོ་ཞིག་ཐུབ་རེ་ཡོད།

བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ནང་གཞི་རིམ་མང་གཙོའི་ལམ་སྲོལ་གྱི་སྦྱོང་བདར་དང༌། ལག་ལེན་གོང་མཐར་གཏོང་རྒྱུའི་ལས་དོན་གྱི་ཐད། བཅའ་ཁྲིམས་ལེའུ་བདུན་པའི་དོན་ཚན་ཁག་གི་འབྲུ་དོན་བཞིན་བོད་མིའི་གནས་ཡུལ་སྡོད་སྒར་སོ་སོར་ས་གནས་འགོ་འཛིན་དང༌། འགོ་འཛིན་ལས་རོགས་འོས་འདེམས་བྱེད་རྒྱུ་དང༌། ས་གནས་འཐུས་མིའི་ཚོགས་འདུ་འཛུགས་རྒྱུ་བཅས་ཀྱི་སྐོར་ས་གནས་ཁག་ལ་བཅའ་ཁྲིམས་ཀྱི་འགྲེལ་བརྗོད་འཐུས་ཚང་ཞིག་མ་བྱུང་བའི་དབང་གིས་ལས་དོན་ལག་ལེན་བསྟར་སྐབས་ས་གནས་སོ་སོའི་དངོས་ཡོད་ཀྱི་དཀའ་ངལ་དང་བསྟུན་པའི་ལག་བསྟར་བདེ་མིན་དང༌། ཚགས་ཚུད་ཡོང་མིན་ཅི་རིགས་ཤིག་བྱུང་ནའང་སྤྱི་འཐུས་ལྷན་ཚོགས་ཀྱིས་ས་གནས་སོ་སོར་སྤྱི་འཐུས་རྣམ་པ་སྔ་རྗེས་ཆེད་གཏོང་གིས་ལས་དོན་ཚགས་ཚུད་ཡོང་ཐབས་ཀྱི་འབད་རྩོལ་ཞུས་དང་ཞུ་བཞིན་པ་ལྟར། ད་ཆ་ས་གནས་མང་དག་ཅིག་ལ་ས་གནས་འཐུས་མི་འོས་བསྡུ་སོགས་གནང་ཟིན་པ་མ་ཟད། འཕྲོས་བསྡད་ས་གནས་ཁག་ལའང་རིང་མིན་འཐུས་མི་ཚོགས་འདུ་ཚད་ལྡན་རེ་འཛུགས་ཐུབ་ཐབས་ཀྱི་འབད་བརྩོན་ཞུ་བཞིན་པ་ཡིན།

མང་གཙོའི་ལམ་སྲོལ་ཚད་ལྡན་ལག་བསྟར་ཐུབ་མིན་མང་ཚོགས་ཀྱི་བསམ་བློའི་གནས་ཚད་ལ་རག་ལས་པར་སོང་བོད་མིའི་སྡོད་གནས་ཡོངས་μོགས་སུ་ཆབ་སྲིད་ཀྱི་ལམ་སྲོལ་སྤྱི་དང༌། ཁྱད་པར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་སྐོར་སློབ་སྟོན་ཚད་ལྡན་ཡོང་ཆེད་བོད་མིའི་སྡོད་སྒར་སོ་སོ་ནས་མི་འཐུས་རེ་ཟུང་ཆེད་བསྐོང་གིས་ཆབ་སྲིེད་སྦྱོང་བདར་སྤྲོད་རྒྱུའི་ལས་རིམ་ཡང་ཞུ་བཞིན་པ་དང༌། དེ་དང་ཕྱོགས་མཚུངས་སྤྱི་འཐུས་ལྷན་ཚོགས་ཀྱི་ཐད་ཀའི་ལྟ་སྐྱོང་འོག་ཡོད་པའི་ས་གནས་རང་དབང་བདེན་པའི་ལས་འགུལ་གྱི་ཚོགས་ཆུང་ཁག་ཆབ་སྲིད་ཀྱི་སྒྲིག་འཛུགས་གལ་ཆེ་ཤོས་གྲས་ཤིག་ཡིན་སྟབས་ཚོགས་ཆུང་དེ་དག་གི་ལས་དོན་སྔར་ལས་ཚགས་ཚུད་ཆེ་བ་ཡོང་ཐབས་དང༌། ཚོགས་ཆུང་གི་སྒྲིག་གཞི་རྙིང་པ་ད་ཆ་བཅའ་ཁྲིམས་དང་དང་བླང་དཔྱ་ཁྲལ་གྱི་ཁྲིམས་ལུགས་བཅས་དང་བསྟུན་བསྐྱར་བཅོས་བྱ་དགོས་རེ་ཟུང་ཡོད་པ་དེ་དག་བསྐྱར་བཅོས་བྱ་རྒྱུ་བཅས་ཀྱི་ཆེད་རང་བདེན་ཚོགས་ཆུང་ཡོངས་རྫོགས་ཀྱི་འཐུས་མིའི་ཚོགས་ཆེན་ཞིག་རྡ་སར་རིང་མིན་བསྡུ་བསྐོང་གིས་ས་གནས་རང་བདེན་ཚོགས་ཆུང་ཁག་གི་ལས་འགུལ་ནུས་ཤུགས་ཆེ་རུ་གཏོང་ཐབས་ལ་འབད་བརྩོན་ཞུ་འཆར་ཡོད།

རྒྱ་གར་ནང་རྒྱ་གར་གྱི་ཡུལ་མི་དང་བོད་མིའི་དབར་མཐུན་ལམ་ཡར་རྒྱས་གཏོང་རྒྱུ་དང༌། ཆབ་སྲིད་ཀྱི་ལས་འགུལ་ནུས་ཤུགས་ཆེ་རུ་གཏོང་རྒྱུ་དགོས་གལ་ཆེ་བར་མཐོང་སྟེ། འདི་ལོ་ཕྱི་ཟླ་གཉིས་པའི་ནང་འཕགས་བོད་མཛའ་འབྲེལ་ཚོགས་པ་ཡོངས་རྫོགས་ཀྱི་ཚོགས་ཆེན་ཞིག་ལྡི་ལིར་ཚོགས་བསྐོང་ཞུས་པའི་གྲོས་ཆོད་ཁག་དང་རྗེས་འབྲེལ་གྱི་ལས་དོན་མང་དག་ཅིག་དེང་སྐབས་ལག་ལེན་བསྟར་བཞིན་པ་མ་ཟད། མ་འོངས་པར་ཡང་མུ་མཐུད་ཤུགས་སྣོན་ཇེ་ཆེར་གཏོང་རྒྱུའི་འདུན་པ་ཡོད།

འདས་པའི་ཟླ་ངོ་བཅོ་ལྔའི་ཉམས་མྱོང་དང་བསྟུན་ཏེ་ད་ཆ་གསལ་པོར་བརྗོད་ཐུབ་པ་ཞིག་ལ། ཆོལ་གསུམ་བོད་མིའི་ཆིག་བསྒྲིལ་དང་མང་གཙོའི་ལམ་སྲོལ་ལ་ཡིད་ཆེས་ཀྱི་དམ་ཚིག་ནི་ནམ་ཡང་གཏོར་བཤིག་མི་ཐུབ་པའི་སྲ་བརྟན་དུ་གྱུར་པ་འདི་བོད་ཀྱི་རྩ་དོན་སྒྲུབ་ཐབས་ཀྱི་ལས་འགུལ་ཡོངས་རྫོགས་ཀྱི་གཞི་རྟེན་བཟང་པོ་ཞིག་ཏུ་གྲུབ་ཟིན་སྟབས། རྒྱ་དམར་ཕྱོགས་གཏོགས་དང་བཅས་པར་བློ་འཚབ་དང་དོ་སྣང་བྱེད་དགོས་བྱུང་བ་འདི་ཧ་ཅང་གསལ་པོ་རེད།

འོན་ཀྱང་རང་རེ་གཞིས་བྱེས་གཉིས་ཀའི་མང་ཚོགས་ནང་འཚེ་མེད་ཞི་བའི་ལམ་འབའ་ཞིག་དེ་བོད་མིའི་རྩ་དོན་སྒྲུབ་ཐབས་ཀྱི་ཐབས་ལམ་ཉག་ཅིག་ཡིན་པ་ལ་ཡིད་ཆེས་ཀྱི་བསམ་བློ་གོང་མཐོར་སྤེལ་ཐབས་ཀྱི་འབད་བརྩོན་ད་དུང་ཤུགས་ཆེ་བྱ་གལ་ཤིན་ཏུ་ཆེ་བ་འདུག བོད་མི་ཡོངས་རྫོགས་ཁ་ཞེ་གཉིས་མེད་ཀྱིས་བྱམས་བརྩེ་ཞི་བའི་ལམ་དུ་ཤར་བསྐྱོད་ཐུབ་པ་བྱུང་བའི་ཉིན་མོ་དེ་ནས་བོད་ཀྱི་རང་དབང་སླར་གསོ་བྱ་རྒྱུ་ཟླ་ཤས་ལས་མི་འགོར་བ་ཐག་བཅད་དེ་བརྗོད་ཐུབ།

ད་ལྟའི་ལོ་འདིའི་ནང་ཧ་ཅང་གཟི་བརྗིད་ལྡན་པའི་ལོ་རྒྱུས་གྱི་བྱུང་རིམ་གཞན་ཞིག་ནི་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོས་འདི་ལོ་ཕྱི་ཟླ་གཉིས་པའི་ཟླ་མཇུག་ཏུ་མ་འོངས་བོད་ཀྱི་ཆབ་སྲིད་ཀྱི་ལམ་སྟོན་དང༌། རྩ་ཁྲིམས་སྙིང་དོན་གསལ་བསྒྲགས་བསྐྱངས་པ་དེ་ཡིན་ཞིང༌། དེའི་ནང་མ་འོངས་བོད་ཀྱི་ཆོས་དང་རིག་གཞུང༌། ཆབ་སྲིད། སྤྱི་ཚོགས་དཔལ་འབྱོར་བཅས་ཀྱི་སྒྲོམ་གཞིའི་ལམ་སྟོན་གསལ་པོ་གནང་བ་དེ་ནི་འཇིག་རྟེན་ནང་འགྲན་ཟླ་བྲལ་བའི་ལྟ་བའི་རྣམ་གཞག་ཁྱད་པར་ཅན་ཞིག་ཡིན་པས་དེའི་དགོངས་དོན་རྣམས་ཆ་ཙམ་ཡང་མ་ལུས་པར་བོད་མིའི་སྤྱི་ཚོགས་ནང་ཚུལ་བཞིན་ལག་ལེན་བསྟར་ཐུབ་ཐབས་ཀྱི་འབད་བརྩོན་ད་ལྟ་ནས་སྒོ་གསུམ་ཡོད་དགུ་རྩལ་སྤྲུག་གིས་གནང་དགོས་པ་ནི་སྨོས་མ་དགོས། ཚང་མས་མཁྱེན་གསལ་ལྟར་གངས་ལྗོངས་བོད་ཀྱི་རང་དབང་བསྐྱར་གསོ་བྱ་དགོས་ཀྱི་དམིགས་ཡུལ་ནི་སྤྱིར་བཏང་མི་རིགས་རྒྱལ་ཁབ་ (Nation State) ཀྱི་བསམ་ཚུལ་ཙམ་དང༌། འདས་པའི་ལོ་རྒྱུས་ཀྱི་ནང་རང་དབང་རང་བཙན་ཡིན་པ་ཙམ་རྒྱུ་མཚན་དུ་བཟུང་སྟེ་བོད་ཀྱི་ཡུལ་མི་ཙམ་ཁོ་ནར་བདེ་སྐྱིད་སྒྲུབ་ཐབས་དང༌། མི་རིགས་ཀྱི་ཁེངས་སྤོབས་བརྟན་བཟུང་བྱ་རྒྱུ་ཙམ་ནམ་ཡང་མ་ཡིན་པར། འཇིག་རྟེན་མི་རིགས་ཡོངས་རྫོགས་ཀྱི་འཕྲལ་ཡུལ་བདེ་སྐྱིད་ཀྱི་ཐབས་ལམ་དང་འབྲེལ་བ་གཏིང་ཟབ་ཡོད་པའི་ཐུན་མིན་རིག་གཞུང་དང༌། བསམ་བློ་དང་ལྟ་སྤྱོད་ཀྱི་དཔལ་ཡོན་ཁྱད་པར་བ་ཞིག་སྲུང་སྐྱོབ་རྒྱུན་འཛིན་བྱེད་རྒྱུ་དེ་ཡིན་སྟབས། བོད་ཀྱི་རང་དབང་ནི་ང་ཚོའི་འཐོབ་བྱ་མཐར་ཐུག་གཞན་དོན་ཕུན་ཚོགས་སྒྲུབ་བྱེད་ཀྱི་ཐབས་ལམ་ཙམ་ཡིན་པ་གསལ་པོ་མཁྱེན་དགོས། རང་དབང་བསྐྱར་གསོ་བྱུང་བའི་བོད་དེ་བོད་ཀྱི་ངོ་བོར་མ་གནས་པར་དེང་རབས་ཡར་ཐོན་ཅན་དུ་གྲགས་པ་རྒྱལ་ཁབ་གཞན་དང་ཁྱད་མེད་ཅིག་བྱུང་ན་རང་དབང་བྱུང་མིན་གྱི་ཁྱད་པར་གང་ཡང་མེད། རྒྱུ་མཚན་དེ་ལ་བརྟེན་ནས་མ་འོངས་བོད་ཀྱི་ཆབ་སྲིད་དང༌། སྤྱི་ཚོགས། དཔལ་འབྱོར་གྱི་འཛུགས་བསྐྲུན་བཅས་སྒོ་གང་ས་ནས་ྋགོང་ས་ཆེན་པོའི་རླབས་ཆེན་གྱི་ལམ་སྟོན་དེ་དག་དང་མ་འགལ་བ་ཞིག་ཡོང་རྒྱུའི་གོ་སྒྲིག་ད་ལྟ་ནས་བྱེད་དགོས་པ་ནི་ང་ཚོའི་སྐབས་བབས་ཀྱི་ལས་འགན་གནད་ཆེ་ཞིག་རེད། ད་ལྟའི་བཙན་བྱོལ་སྤྱི་ཚོགས་སུ་ཡོད་པའི་བོད་མི་གང་འཚམས་ཤིག་གིས་དཔལ་འབྱོར་འདུ་འགོད་བྱེད་སྟངས་དང༌། དེ་ལ་བརྟེན་པའི་བསམ་བློའི་འཁྱེར་སོ་སོགས་ལ་ལྟ་དུས་མ་འོངས་རང་དབང་ཅན་གྱི་བོད་དེ་ད་ལྟའི་ཧོང་ཀོང་ལྟ་བུ་ཞིག་ཏུ་ཆགས་རྒྱུའི་ཉེན་ཁའང་མི་ཆུང་བ་ཞིག་མངོན་གྱི་འདུག་པས། དེ་ལ་ད་ལྟ་ནས་མཆོག་དམན་ཚང་མས་དྭོགས་ཟོན་བག་ཡོད་བརྟེན་གལ་ཆེ་བ་འདུག

བོད་ནང་འདས་པའི་ལོ་ངོ་བཅུ་ཕྲག་གསུམ་ལྷག་གི་རིང་རྒྱ་དམར་བཙན་གནོན་མཁན་གྱི་སྨྱོ་སྤྱོད་འོག་འགྲོ་བ་མིའི་ཀུན་སྤྱོད་ཀྱི་ཐབ་ཐང་བདལ་བཤིག་དང༌། མི་སྤྱོད་ལས་འདས་པའི་མནར་གཅོད། རྩ་ཆེའི་ཆོས་དང་རིག་གཞུང་གི་བསྟན་རྒྱུན་རྩ་གཏོར། རང་བྱུང་གཏེར་ཁ་དང༌། ཐོན་སྐྱེད་ཡོངས་μོགས་ལ་བག་མེད་ལོངས་སྤྱོད། འཇིག་རྟེན་ན་དཀོན་པའི་བོད་ཀྱི་ཁོར་ཡུག་གི་གནས་བབས་ལ་ཚབས་ཆེའི་གནོད་སྐྱོན། རྒྱ་རིགས་ཕོན་ཆེ་བོད་སར་གཞིས་ཆགས་ཀྱིས་བོད་མི་ཆེས་གྲངས་ཉུང་གྲལ་རིམ་དུ་གཏོང་ཐབས་སོགས་བཟོད་པར་དཀའ་བའི་ཡ་ང་བའི་གནས་ཚུལ་དུ་མ་ཞིག་ཡོད་བཞིན་པའི་ཁར། ཉེ་ཆར་ཕྱི་ཟླ་བརྒྱད་པའི་ཚེས་ཤར་ལ་རྒྱ་མིས་བོད་ཡུལ་ཡོངས་μོགས་བཟོ་ལས་ཡར་རྒྱས་ཆེད་ཕྱི་མིའི་འཛུགས་བསྐྲུན་མ་དངུལ་འདུ་འགོད་མཁན་ལ་སྒོ་ཕྱེ་རྒྱུའི་གསལ་བསྒྲགས་བྱས་པ་དེ་ནི་ཧ་ཅང་ཧང་སང་དགོས་པའི་ཉེན་འགན་དང༌། ཛ་དྲག་གི་གནས་ཚུལ་གསར་པ་ཞིག་བྱུང་བ་རེད། གོང་གསལ་གནས་ཚུལ་འདི་དག་འཕྲལ་དུ་བཀག་འགོག་མ་བྱས་ཚེ་བོད་ཀྱི་ཆོས་རིག་དང༌། ཁོར་ཡུག་གི་གནས་སྟངས་ལྷག་ལུས་ཕྲན་ཡོད་དེ་རྣམས་ཀྱང་རྨེག་མེད་དུ་འགྲོ་རྒྱུའི་ཉེན་ཁ་ཧ་ཅང་ཆེ་སྟབས་ང་ཚོས་ནུས་ཤུགས་གང་ཡོད་བཏོན་ཏེ་དགག་བྱ་བྱེད་དགོས། རྣམ་དཔྱོད་ལྡན་པའི་ཕྱི་རྒྱལ་འབྱོར་ལྡན་ཁག་ལ་བོད་ཀྱི་རང་དབང་བསྐྱར་གསོ་མ་བྱུང་བར་རྒྱ་མིའི་མགོ་བསྐོར་སླུ་བྲིད་ཀྱི་འོག་གངས་ལྗོངས་བོད་ཡུལ་གྱི་ས་གནས་གང་དུའང་འཛུགས་བསྐྲུན་དང་གཏེར་ཁ་བསྔོག་འདོན་སོགས་ཀྱི་ཆེད་མ་འཛུགས་དང་ཐེ་བྱུས་རོགས་ཕན་མ་གནང་རོགས་ཞེས་སྙིང་ཐག་པ་ནས་འབོད་སྐུལ་ཞུ་རྒྱུ་ཡིན།

བཙན་བྱོལ་བོད་མིའི་གནས་བབས་དང༌། མ་འོངས་བོད་ཀྱི་འཛུགས་བསྐྲུན་གང་ལ་ཡང་བོད་ཀྱི་ན་གཞོན་རྣམས་ལ་ཤེས་ཡོན་སློབ་སྦྱོང་ཚད་ལྡན་ཞིག་མ་བྱུང་ཐབས་མེད་ཡིན་ནའང༌། བར་སྐབས་བཙན་བྱོལ་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་གི་ནང་དུ་ཤེས་ཡོན་གྱི་གནས་ཚད་བློ་ཁ་ཁེངས་པ་ཞིག་ཡོང་དཀའ་བའི་གནས་ཚུལ་ཚང་མས་མཁྱེན་གསལ་ལྟར་ལ་དཀའ་ངལ་དེ་དག་འཕྲལ་སེལ་ཐུབ་ཆེད་དམིགས་བསལ་ནུས་པ་ཐོན་པའི་འབད་བརྩོན་ཤུགས་ཆེ་ཞིག་མ་བྱས་ཐབས་མེད་རེད་འདུག་ན། སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་ཀྱི་ཤེས་རིག་གི་སྲིད་བྱུས་བསྐྱར་ཞིབ་དང༌། གཏན་འབེབས་བྱ་རྒྱུའི་ལས་དོན་ལ་ཡང་ཤུགས་སྣོན་བརྒྱབ་རྒྱུའི་འདུན་པ་ཡོད། དེ་བཞིན་བོད་མིའི་གནས་ཡུལ་གཙོ་བོ་གཞིས་ཆགས་ཁག་གི་ནང་དཔལ་འབྱོར་དང༌། སྤྱི་ཚོགས་ཀྱི་བདེ་དོན་ཡར་རྒྱས་གཏོང་རྒྱུའི་ལས་དོན་ཡང་གལ་གནད་ཆེ་བར་མཐོང་གི་ཡོད། དེར་བརྟེན་རིང་མིན་བཙན་བྱོལ་བོད་མིའི་སློབ་གཞིས་ཀྱི་ལས་དོན་ཁག་ལ་འགྱུར་བ་དང༌། ཡར་རྒྱས་མངོན་གསལ་ཐོན་པ་ཞིག་ཡོང་ཐབས་སུ་འཆར་གཞི་ལྡན་པའི་ལས་རིམ་ལག་བསྟར་བྱ་རྒྱུའི་འདུན་པ་ཡོད་ལགས་ན། ལས་དོན་དེ་དག་ལ་རྒྱ་ཆེ་མང་ཚོགས་ཀྱི་བསམ་བློ་དང་དངོས་པོའི་མཐུན་འགྱུར་ཡོང་བའི་འབོད་བསྐུལ་ཡང་ཞུ་རྒྱུ་ཡིན།

མང་གཙོའི་ལམ་སྲོལ་གྱི་དགོས་དམིགས་མཐར་ཐུག་ནི་ཡུལ་མི་ཡོངས་ལ་ཆོས་རིག་དཔལ་འབྱོར། སྤྱི་ཚོགས་བདེ་དོན་གང་ཐད་ནས་འདྲ་མཉམ་གཅིག་གྱུར་གྱིས་ཡུལ་མི་སུའང་གཅིག་ཕན་གཅིག་གྲོགས་མ་གཏོགས་གཅིག་འོག་གཅིག་གནོན་མེད་པ་ཞིག་བཟོ་རྒྱུ་དེ་ཡིན་པ་དང༌། དེའི་ཐབས་ལམ་ཡང་གྲལ་རིམ་མཐུན་ལམ་དང༌། མང་ཚོགས་ཆིག་བསྒྲིལ་ཁོ་ན་ལས་གཞན་མེད་སྟབས་བོད་མི་ཡོངས་ནས་ཕ་རོལ་སླུ་བྲིད་མཁན་གྱི་གཡོ་འོག་ཏུ་མ་སོང་བར་ྋགོང་ས་ཆེན་པོའི་ཡང་དག་པའི་དབུ་ཁྲིད་ལམ་སྟོན་གྱི་འོག་ཆིག་བསྒྲིལ་མཉམ་མཐུན་གྱི་ལམ་དུ་ཤར་སྐྱོད་ཀྱི་སྒོ་ནས། བོད་མིའི་ཆེད་དུ་བོད་མིས་བཙུགས་པའི་བོད་མིའི་སྲིད་གཞུང་དེ། བོད་མི་ཡོངས་རྫོགས་ལ་ཕན་པ་ཞིག་བཟོས་དང་མ་བཟོས་བོད་མི་རང་གི་ཕྱག་ཏུ་ཡོད་པ་དེ་ནམ་ཡང་མ་བརྗེད་པར་གནང་སྐྱོང་ཡོང་བ་ཞུ་རྒྱུ་ཡིན།

མཐའ་དོན་ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང་ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པའི་གསོལ་འདེབས་སྨོན་ལམ་ཞུ་རྒྱུ་ཡིན། བཀྲིས་བདེ་ལེགས། །  ༡༩༩༢ ཕྱི་ཟླ་ ༧ ཚེས་ ༦ ཉིན།