གསུམ་བཅུའི་དུས་དྲན་ཉིན་གནང་བའི་གསུང་བཤད།

༄༅། །ཕྱི་ལོ་ ༡༩༥༩ ལོར་བོད་ཀྱི་རྒྱ་ཆེའི་མང་ཚོགས་ཀྱིས་རྒྱ་དམར་བཙན་གནོན་འོག་ནས་གྱེན་ལངས་ཞི་རྒོལ་རླབས་ཆེན་འགོ་ཚུགས་ཏེ་མི་ལོ་སོ་གསུམ་འཁོར་བའི་དུས་དྲན་གྱི་ཉིན་མོ་འདིར། ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་རྒྱལ་ཁབ་དང་མང་ཚོགས་ཀྱི་ཆེད་དུ་སྐུ་སྲོག་འདོར་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ས་ཡ་བརྒལ་བ་དེ་དག་གི་རྗེས་དྲན་དང་དེ་རྣམས་ཀྱི་ཆེད་དུ་སྨོན་འདུན་ཞུ་རྒྱུ་མ་ཟད།

ཁོང་རྣམས་ཀྱི་ཐུགས་ལ་བརྣག་པའི་རེ་འདུན་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ལས་དོན་མུ་མཐུད་སྔར་ལས་ཤུགས་ནུས་ཆེ་བསྐྱེད་ཀྱིས་འབད་བརྩོན་ཞུ་རྒྱུའི་དམ་བཅའ་ཡང་ཞུ་རྒྱུ་ཡིན། དེ་དང་ཆབས་ཅིག་ད་ལྟ་རྒྱ་དམར་གྱི་བཙན་དབང་མནར་གཅོད་འོག་མི་སྤྱོད་ལས་འདས་པའི་དཀའ་སྡུག་མྱོང་བཞིན་པའི་རྒྱལ་གཅེས་ཀྱི་དཔའ་བོ་དཔའ་མོ་རྣམས་ལ་མཛའ་འཚམས་དང༌། གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་ཡིན།

བོད་ཀྱི་རང་དབང་དང་བོད་མིའི་རིག་གཞུང་གི་སྲུང་སྐྱོབ་བྱ་རྒྱུ་ནི་སྐྱེ་འགྲོ་སྤྱི་དང༌། ཁྱད་པར་ཤར་གླིང་ཡོངས་ཀྱི་ཕན་བདེ་དང་འབྲེལ་བ་གཏིང་ཟབ་ཡོད་པ་ཞིག་ཡིན་སྟབས་རྒྱ་ཁྱབ་འགན་ཁུར་གྱི་ལྷག་བསམ་གྱི་ཐོག་ནས་བསྒྲུབ་དགོས་པ་དང༌། དེ་ཡང་འཇིག་རྟེན་ཞི་བདེའི་དེད་དཔོན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བླ་ན་མེད་པའི་དབུ་ཁྲིད་ཀྱི་འོག་ཆོལ་གསུམ་བོད་རིགས་གཞིས་བྱེས་ཡོངས་μོགས་བསམ་མོས་དམ་ཚིག་ཟོང་ཁ་གཅིག་བསྒྲིལ་གྱིས་བསྒྲུབ་དགོས་པ་ཞིག་དང༌། སྒྲུབ་པའི་ཐབས་ལམ་ཡང་འཚེ་མེད་ཞི་བའི་ཐབས་ལམ་ཉག་གཅིག་ལ་བརྟེན་དགོས་པ་དེ་གནད་ཀྱི་དོན་པོ་ཡིན་པ་བསྐྱར་ནན་གྱིས་དྲན་སྐུལ་ཞུ་རྒྱུ་ཡིན།

ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཡང་དག་པའི་ལམ་སྟོན་འོག་སྤྱི་འཐུས་སྐབས་བཅུ་གཅིག་པས་གཏན་ལ་ཕབ་པའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་ལྟར་འགན་ཁུར་ཞུ་དགོས་ཀྱི་ད་ལྟའི་སྲིད་གཞུང་གི་སྒྲིག་འཛུགས་འདི་བཞིན་མང་གཙོའི་ལམ་སྲོལ་གྱི་ངོ་བོ་ཡོངས་སུ་རྫོགས་པ་ཞིག་ཏུ་གྱུར་ཟིན་སྟབས་མང་ཚོགས་ལ་སྔར་ལས་ལྷག་པའི་འགན་ཁུར་ཆེ་རུ་ཕྱིན་ཡོད་པས་གནས་སྐབས་བཙན་བྱོལ་གཞུང་མང་གི་འཛིན་སྐྱོང་དང་མཐར་ཐུག་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ལས་དོན་གང་ལའང་མང་ཚོགས་ཀྱིས་དོ་སྣང་དང་མཉམ་རུབ་ཤུགས་ཆེ་གནང་དགོས་པ་དང༌། ལྷག་པར་ཆབ་སྲིད་འཛིན་སྐྱོང་གི་ལས་ཀྱི་སྣེ་མོ་བ་དང༌། སྤྱི་འཐུས་སོགས་ཀྱིས་རང་འཁྲིའི་ལས་འགན་ལྷག་བསམ་ཟོལ་མེད་སྒྲུབ་ཀྱི་ཡོད་མེད་ཞིབ་འཇུག་རྒྱང་སོ་ནན་པོ་དང༌། ལེགས་སྤེལ་ཉེས་འགོག་གི་ཐབས་ཚུལ་ལྷོད་མེད་ཡོང་བའི་འབོད་བསྐུལ་ཞུ་རྒྱུ་ཡིན།

ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བཀའ་སློབ་སྔ་རྗེས་དང༌། དེང་དུས་འཇིག་རྟེན་སྤྱིའི་འགྱུར་འགྲོས་བཅས་གང་ལ་གཞིགས་ཀྱང་བོད་མི་གཞིས་བྱེས་མཉམ་འཛོམས་ཀྱི་དུས་སྐབས་བཟང་པོ་ཞིག་མགྱོགས་མྱུར་འཆར་བའི་རེ་བ་ཧ་ཅང་ཆེན་པོ་ཡོད་པའི་སྐབས་འདིར་གཞིས་བྱེས་བོད་མི་ཡོངས་རྫོགས་དོན་མེད་འཐེན་འཁྱེར་དང་དཀྲོག་གཏམ་ལ་མ་གཡེང་བར་བོད་སྤྱིའི་རྩ་དོན་སྒྲུབ་ཐབས་ལ་ནུས་པ་ཡོད་རྒུ་རྩལ་སྤྲུགས་གནང་དགོས། ལྷག་པར་བོད་ཀྱི་རང་དབང་ནི་བོད་མི་ཡོངས་ཀྱི་མངོན་འདོད་གསལ་བར་བྱས་ཏེ་བསྒྲུབ་དགོས་པ་ཞིག་ལས་སུས་ཀྱང་གནང་སྦྱིན་ལྟ་བུར་སྤྲོད་ཐབས་མེད་པ་ཞིག་ཡིན་པས། རྒྱ་དམར་གྱི་གཅིག་སྡུད་བཙན་གནོན་གྱི་ཆབ་སྲིད་བྱེ་མའི་ཆངས་བུ་ལྟར་འཐོར་ལ་ཉེ་བའི་སྐབས་འདིར་བོད་མི་སྤྱི་དང༌། ཁྱད་པར་གཞིས་སུ་ཡོད་པའི་རྒྱ་ཆེའི་མང་ཚོགས་ཀྱིས་སྙིང་སྟོབས་ཆེན་པོས་རང་སྲིད་རང་གིས་འཛིན་ཐབས་ལ་འཆར་གཞི་དང་ལྡན་པའི་གོམ་བགྲོད་མཛད་གལ་ཤིན་ཏུ་ཆེ་བ་ཞུ་མ་དགོས་པ་དང༌། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོས་ཉེ་བའི་ཆར་བཀའ་སློབ་གསལ་རྗེན་དུ་བསྩལ་བའི་མ་འོངས་བོད་ཀྱི་ཆབ་སྲིད་ཀྱི་ལམ་སྟོན་དང་རྩ་ཁྲིམས་སྙིང་དོན་བཅས་ནི་ཆེས་རིན་ཐང་ཅན་གྱི་བཀའ་སློབ་ཡིན་པ་དེ་དག་བོད་མི་ཡོངས་ཀྱི་ཐུགས་དབུས་སུ་བཅངས་ཏེ་བླང་དོར་ཕྱག་བཞེས་ཚུལ་བཞིན་ཡོང་བའི་འབོད་སྐུལ་ཞུ་རྒྱུ་མ་ཟད། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལའང་སྙིང་ནས་བཀྲིན་རྗེས་དྲན་གྱིས་ཐུགས་རྗེ་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་ཡིན།

བོད་ཀྱི་རང་དབང་སླར་གསོའི་ལས་དོན་ལས་ཀྱང་མ་འོངས་པར་རང་དབང་བྱུང་རྗེས་འཛིན་སྐྱོང་བྱེད་ཕྱོགས་ཀྱི་ལས་དོན་དཀའ་རྙོག་ཆེ་བ་ཡོང་སྲིད་པས། མ་འོངས་བོད་ཀྱི་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས་ཀྱི་གནས་ཚུལ་གང་ལའང་ྋགོང་ས་ཆེན་པོའི་ལམ་སྟོན་དང་ཡོངས་སུ་མཐུན་པའི་ལངས་ཕྱོགས་མ་ནོར་བ་ཞིག་ཡོང་ཐབས་ལ་ད་ལྟ་ནས་འབད་བརྩོན་བྱ་དགོས་ཤིན་ཏུ་གལ་ཆེ། མདོར་ན་གཞིས་བྱེས་བོད་མི་ཡོངས་ཀྱིས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཅི་གསུང་བཀའ་བསྒྲུབ་དང༌། རྒྱལ་གཅེས་ཀྱི་ལྷག་བསམ་གོང་མཐོར་སྤེལ་བའི་ངོས། བྱམས་བརྩེ་ཞི་བའི་ལས་འགུལ་བདེན་པའི་ཨུ་ཚུགས་ལ་གཅིག་ཏུ་འགྲུས་པའི་ཐོག་ནས་བདེན་པའི་ལས་འགུལ་ལས་བདེན་པའི་རྒྱལ་ཁ་ཐོབ་པའི་ཡིད་ཆེས་བརྟན་པོ་མཛད་དགོས་ཀྱི་རེ་སྐུལ་ཞུ་རྒྱུ་ཡིན། མཐའ་དོན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་སྐུ་ཚེ་ཁྲི་ལོར་བརྟན་པ་དང༌། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་བཅས།།  ༡༩༩༢ ཕྱི་ཟླ་ ༣ ཚེས་ ༡༠ ཉིན།