མང་གཙོའི་དུས་ཆེན་ཉིན་གནང་བའི་གསུང་བཤད།

༄༅། །མཛའ་བརྩེ་ལྡན་པའི་མི་མང་ལྷན་རྒྱས་ལ་ཞུ་རྒྱུ། དེ་རིང་བོད་མང་གཙོ་དབུ་བརྙེས་ནས་ལོ་ ༣༡ འཁོར་བའི་དུས་ཆེན་གྱི་ཉིན་མོ་འདིར་ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་འདིར་ཡོད་མི་མང་རྣམས་དང༌། ཁྱེད་རྣམས་ཀྱི་བརྒྱུད་ནས་གཞིས་བྱེས་བོད་མི་ཡོངས་རྫོགས་ལ་མཛའ་བརྩེའི་མཚམས་འདྲི་དང་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན།དེ་རིང་གི་ཉིན་མོ་འདི་བོད་མི་ཡོངས་ལ་གལ་གནད་ཆེ་བའི་ཉི་མ་ཞིག་ཡིན་པ་མཁྱེན་གསལ་རེད། ྋསྐྱབས་མགོན་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་སྐུ་ཚེ་སྨད་ཙམ་ནས་བོད་ཀྱི་ཆབ་སྲིད་ཀྱི་ལམ་སྲོལ་ལ་གསར་བརྗེའི་དགོས་གལ་ཤིན་ཏུ་ཆེ་བ་གཟིགས་རུང་དགོངས་བཞེད་ཇི་བཞིན་མ་འགྲུབ་པའི་མུར་དགོངས་པ་གཞན་དོན་དུ་གཏད་ཅིང༌། སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་ཆབ་སྲིད་མ་བཞེས་ཀྱི་བར་ཆབ་སྲིད་ལ་ཉམས་རྒུད་ཅི་ཆེ་བྱུང་སྟེ་མཐར་རྒྱ་དམར་གྱི་བཙན་འཛུལ་བཀག་མ་ཐུབ་པའི་གནས་སུ་གྱར་སྐབས་བོད་འབངས་ཡོངས་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོར་རྒྱལ་སྲིད་བཞེས་སྐྱོང་གི་གསོལ་བ་བཏབ་པ་ལྟར་རྒྱལ་སྲིད་བཞེས་ཉིད་ནས་ལེགས་བཅོས་སྤྱི་ཚོགས་གསར་འཛུགས་སོགས་རླབས་ཆེའི་མཛད་བྱུས་མང་པོ་གསར་གཏོད་མཛད་རུང༌། རྒྱ་དམར་གྱི་བཙན་དབང་གིས་བཞེད་དགོངས་མ་འགྲུབ། མཐར་ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་པ་ནས་བཟུང༌། མང་གཙོའི་སྲིད་སྲོལ་འཕྲལ་འཛུགས་བསྐྱང་རྒྱུའི་མཛད་བྱུས་ཤུགས་ཆེ་གནང་འབྲས་སུ། ཕྱི་ལོ་ ༡༩༦༠ ཕྱི་ཟླ་ ༩ ཚེས་ ༢ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་དང་པོ་དམ་འབུལ་གྱིས་མང་གཙོ་དབུ་བརྙེས་ནས་ལོ་ ༣༠ སོང་རིང་སྤྱི་འཐུས་སྐབས་བཅུའི་བར་འོས་འདེམས་བྱས་པའི་སྤྱི་འཐུས་རྣམ་པས་གཞུང་གི་འཛིན་སྐྱོང་ནང་དངོས་སུ་ཞུགས་པ་དང༌། ལྷག་པར་སྐབས་བཅུ་གཅིག་པའི་སྤྱི་འཐུས་ལྷན་ཚོགས་འདིས་ྋགོང་ས་མཆོག་གི་བཞེད་དགོངས་ལྟར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་ལ་ཕབ་སྟེ། མང་གཙོའི་བཅའ་ཁྲིམས་ཡང་དག་གི་འོག་ཆབ་སྲིད་འཛིན་སྐྱོང་གནང་རྒྱུ་ལོ་འདིའི་ཕྱི་ཟླ་ ༦ ཚེས་ ༢༨ ནས་དབུ་བཙུགས་ཟིན་པར་བརྟེན་ད་རེས་མང་གཙོའི་དུས་ཆེན་སོ་གཅིག་པ་འདི་ནི་སྔར་ལས་ཁྱད་དུ་འཕགས་པའི་དུས་ཆེན་ཞིག་ཡིན་པ་ཚང་མས་མཁྱེན་གསལ་རེད།

མང་གཙོའི་རྒྱལ་ཁབ་སུའི་ཡང་ལོ་རྒྱུས་སུ་མ་གྲགས་པའི་རང་རེ་བོད་ཀྱི་མང་གཙོའི་སྲོལ་བཟང་འདི་ནི། མང་ཚོགས་ཀྱི་འབད་རྩོལ་ལ་མ་བརྟེན་པར་ྋགོང་ས་ཆེན་པོས་ཐུགས་བརྩེའི་དབང་གིས་མང་ཚོགས་ཀྱི་བསམ་ཚད་སྨིན་མིན་ལ་མ་ལྟོས་པར་བཙན་ཐབས་སུ་གནང་བ་ཞིག་ཡིན་པས་དངོས་སུ་ལོངས་སྤྱོད་པའི་སྐབས་དཀའ་ངལ་ཕྲན་བུ་ཡོང་སྲིད་པ་ནི་རང་བཞིན་གྱི་གནས་ཚུལ་ཞིག་ཡིན་སྟབས་དུས་ཡུན་གང་མཚམས་ཀྱི་བར་མང་ཚོགས་ཧ་ཅང་སྤྱང་གྲུང་ལྡན་པའི་ཐོག་ནས་མང་གཙོའི་ལམ་སྲོལ་དང་བཅའ་ཁྲིམས་ལ་སྲུང་སྐྱོབ་གནང་དགོས་པ་འདི་ནི་ལོ་རྒྱུས་ཀྱི་འགྱུར་འགྲོས་ལ་བརྟེན་པའི་ང་ཚོའི་ལས་འགན་ཞིག་རེད། རྒྱ་དམར་གྱིས་མཚོན་བོད་མིར་སྡང་བའི་སྐྱེ་འགྲོ་ཚང་མས་ང་ཚོའི་མང་གཙོའི་སྒྲིག་འཛུགས་དང༌། ལག་ལེན་ལ་ཕྱི་ནང་གསང་གསུམ་ནས་གནོད་སྐྱོན་གཏང་རྒྱུའི་ཐབས་ཚུལ་སྣ་ཚོགས་བྱེད་ཀྱི་ཡོད་པ་སྨོས་མ་དགོས། གང་ལགས་ཤེ་ན། མང་གཙོའི་ལམ་སྲོལ་ལ་བརྟེན་ནས་གཞིས་བྱེས་བོད་མིའི་དབར་ཆིག་བསྒྲིལ་དང༌། ཆབ་སྲིད་ཀྱི་ནུས་ཤུགས་སྔར་མེད་པ་ཞིག་གསར་དུ་བསྐྱེད་ཐུབ་པ་དང༌། དེར་བརྟེན་རྒྱལ་ཡོངས་མང་ཚོགས་དང་སྲིད་གཞུང་ཁག་གི་རྒྱབ་སྐྱོར་ཤུགས་ཆེ་འཐོབ་རྒྱུ་ཡིན་པའང་དངོས་མཐོང་ལ་བརྟེན། བོད་འདི་དུས་ཡུན་རིང་པོའི་བར་རྒྱ་དམར་གྱི་མི་སེར་སྤེལ་ཡུལ་དང༌། མནར་གཅོད་གཏོང་ཡུལ་དུ་གནས་མི་ཐུབ་པར་ཐག་ཆོད་པ་རེད། བྱས་ཙང་རྒྱ་དམར་ཕྱོགས་གཏོགས་དང་བཅས་པས་བཙན་བྱོལ་བོད་མིའི་ཆིག་བསྒྲིལ་དང་ནུས་ཤུགས་གཏོར་བཤིག་གཏང་རྒྱུའི་ཐབས་ཤེས་ཡོད་རྒུ་རྩལ་སྤྲུག་བྱེད་ངེས་ཡིན་པའི་གནས་ཚུལ་དེ་མཁྱེན་ནས་ཁོང་ཚོའི་ངན་བྱུས་ལམ་དུ་མ་གཏོང་བ་བྱེད་རྒྱུ་དེ་ང་ཚོའི་ཛ་དྲག་གི་ལས་འགན་ཞིག་ཡིན་ཞིང༌། འདི་མ་འགྲུབ་ན་ལོ་རྒྱུས་ནང་ང་ཚོའི་མི་རབས་དེ་ཐུ་ལུད་བརྒྱབ་ཡུལ་ཞིག་ཏུ་འགྱུར་བ་གདོན་མི་ཟ། མང་གཙོའི་ལམ་སྲོལ་སྲུང་སྐྱོབ་ནི། བཅའ་ཁྲིམས་ལ་སློབ་སྦྱོང་གནང་སྟེ། གཞུང་དང་མང་ཚོགས་ཀྱི་ལས་དོན་མཐའ་དག་བཅའ་ཁྲིམས་གཞིར་བཟུང་འགྲོ་མིན་ལྟ་རྟོག་བྱེད་རྒྱུ་དེ་ཡིན་ཞིང༌། དེ་བྱུང་ན་ཁྲིམས་ཀྱི་དབང་བསྒྱུར་ཟེར་བ་དེ་བྱུང་བ་རེད། གཞུང་འཛིན་སྒྲིག་འཛུགས་ལ་རྒྱབ་སྐྱོར་དང༌། འགལ་ཟླ་གང་བྱས་ཀྱང་བཅའ་ཁྲིམས་ཀྱི་ཆ་རྐྱེན་ཁག་གཞིར་བཟུང་བྱས་པ་ཡིན་ན་མང་གཙོའི་ལམ་སྲོལ་སྲ་བརྟན་ཡོང་གི་རེད། སྤྱི་འཐུས་སྐབས་བཅུ་གཅིག་པའི་དམ་འབུལ་དང༌། བཅའ་ཁྲིམས་དང་སྒྲིག་གཞི་ཁག་གཏན་འབེབས་སོགས་ཉེ་ཆར་བྱུང་བའི་འགྱུར་བ་འདི་ཚོར་རྒྱལ་སྤྱིའི་ནང་དགྲ་གྲོགས་གཉིས་ཕྱོགས་ནས་དོ་སྣང་ཧ་ཅང་ཆེན་པོ་བྱས་ཡོད། གྲོགས་ཕྱོགས་ནས་ནུབ་ཕྱོགས་པའི་སྲིད་དོན་པ་སྤྱི་དང༌། ལྷག་པར་གཡོན་ཕྱོགས་པ་རྣམས་ལ་ད་ཆ་བོད་དོན་ལ་རྒྱབ་སྐྱོར་བྱ་རྒྱུར་མི་བདེ་བ་གང་ཡང་མེད་པར་གྱུར་ཡོད་ཅིང༌། དགྲ་ཕྱོགས་ནས་བཙན་བྱོལ་བོད་མིའི་སྲིད་གཞུང་ལོག་སྤྱོད་པ་དང་བཀས་བཀོད་རྒྱུད་འཛིན་ཡིན་པ་དང༌། བོད་མིའི་འབད་རྩོལ་སྲིད་གཞུང་དང་རིང་ལུགས་རྙིང་པ་རོ་ལང་བརྒྱབ་རྒྱུའི་རེ་སྟོང་ཡིན་ཚུལ་སོགས་རྫུན་གཏམ་དྲིལ་བསྒྲགས་ཀྱི་རྫུན་ཁུངས་གསལ་པོ་བརྡོལ་ཏེ་མི་སྨྲ་བའི་བརྟུལ་ཞུགས་ལ་བཀོད་ཡོད།

དེང་སྐབས་བོད་མིས་མང་གཙོའི་ལམ་སྲོལ་ལ་ཚོད་ལྟ་བྱེད་ཀྱི་འདུག་ཟེར་བ་དང༌། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནི་ཚད་ལྡན་མིན་པ་དང༌། བཅའ་ཁྲིམས་དེའི་ནང་ྋགོང་ས་ཆེན་པོའི་སྐུ་དབང་མེད་པར་བཟོས་ཏེ་མཛད་དཀའི་གནས་སུ་གྱུར་ཡོད་ཟེར་བ་སོགས་འགྲེལ་བརྗོད་ལོག་པ་འདི་ཚོར་མང་ཚོགས་དབུ་འཁོར་མི་རུང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བཞེད་དགོངས་ཇི་བཞིན་འདས་པའི་ལོ་ ༣༡ རིང་བཙན་བྱོལ་བོད་མིས་མང་གཙོའི་རིང་ལུགས་ལ་གོམ་པ་དལ་སྤོས་ཀྱིས་ཉམས་མྱོང་གཏིང་ཟབ་བསགས་ཏེ། ད་ཆ་ཁྲིམས་ལུགས་ལྟར་བཙུགས་པའི་བཅའ་ཁྲིམས་ཁྲིམས་བཟོ་ལྷན་ཚོགས་ཀྱིས་མང་ཚོགས་ཀྱི་མངོན་འདོད་རྣམ་པར་གསལ་བར་བྱས་ཏེ་བཅའ་ཁྲིམས་ཀྱི་ངོ་བོར་གྲུབ་ཟིན་པ་འདིས་བོད་མི་མང་གིས་མང་གཙོའི་ལམ་སྲོལ་ལ་ལྡོག་ཏུ་མེད་པའི་ཡིད་ཆེས་དང་འབྲལ་བར་མི་རུང་བའི་དམ་ཚིག་རྟག་བརྟན་དུ་གྲུབ་ཟིན་པ་གསལ་བར་མཚོན་གྱི་ཡོད་པས། ཚོད་བལྟ་བྱས་ནས་བཟང་པོ་བྱུང་ན་བླང་རྒྱུ་དང༌། ངན་པ་བྱུང་ན་འདོར་རྒྱུའི་ས་མཚམས་ལས་རིང་དུ་བརྒལ་ཟིན་པ་དེ་མཁྱེན་དགོས། ཆོས་ལུགས་རྣམས་ཀྱིས་བསྟན་པའི་འཚེ་མེད་ཞི་བའི་ལྟ་བར་གཞི་བཅོལ་བའི་ཐོག་ཆོས་སྲིད་ཟུང་འབྲེལ་དང༌། རྒྱལ་སྤྱིའི་ཁྲིམས་ལུགས་ལ་སྲུང་བརྩི། དམག་འཐབ་སྤོང་བ། རང་དབང་དང་འདྲ་མཉམ་གྱི་ཐོབ་ཐང་བཅས་སྙིང་པོར་བཟུང་སྟེ། ཁྲིམས་བཟོ་དང་༌། འཛིན་སྐྱོང༌། ཁྲིམས་དབང་བཅས་ཡན་ལག་ཡོངས་སུ་μོགས་ཤིང༌། སྟངས་འཛིན་ལྗིད་མཉམ་གྱི་ཆ་རྐྱེན་མ་ཚང་བ་མེད་པ་དང༌། མཐའ་མའི་ཐག་གཅོད་ཀྱི་དབང་ཚད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སམ། བོད་རྒྱ་ཆེ་མང་ཚོགས་ཀྱི་ཕྱག་ཏུ་ཡོད་པའི་ཆ་རྐྱེན་ཅན་གྱི་བཅའ་ཁྲིམས་འདི་ལ་བླུན་རྨོངས་རང་འདོད་ཅན་རྣམས་ཀྱིས་ཇི་ལྟར་བཤད་རུང༌། སྲིད་དོན་ཚན་རིག་ལ་བློ་ཁ་ཅུང་ཟད་ཕྱོགས་པ་ཡན་གྱིས་ཚད་ལྡན་མིན་པར་ནམ་ཡང་བསྒྲུབ་མི་ཐུབ། ཆོས་སྲིད་ཟུང་འབྲེལ་ཡང་ཆབ་སྲིད་ཆོས་བཞིན་དུ་སྐྱོང་བ་དང༌། བསྟན་པ་མཆོད་སྦྱིན་གྱི་མངའ་བདག་ཡིན་པས་བརྗོད་པ་མ་གཏོགས། ཆོས་དད་རང་མོས་དང་ཆོས་ལུགས་འདྲ་མཉམ་གྱི་ཆ་ནས་རིས་མེད་ཉག་གཅིག་ཡིན་སྟབས། བྱཐིའུཀེརེཊིཀ་བྱ ཞེས་པའི་ལམ་སྲོལ་གཏན་ནས་མིན། ྋགོང་ས་མཆོག་གི་སྐུ་དབང་ཡང་ད་ཕན་དོན་གནད་རེ་རེ་བཞིན་དབྱིངས་དཔྱད་ཐག་གཅོད་གནང་དགོས་མཛད་དཀའ་མཆིས་པ་དེ་དག་ད་ཆ་བཅའ་ཁྲིམས་ཀྱི་ཆ་རྐྱེན་གསལ་པོའི་འོག་གནང་ལམ་མཛད་བདེར་བྱུང་ཡོད་པ་མ་ཟད། ཁྲིམས་བཟོ་དང་སྤྱི་འཐུས་ལྷན་ཚོགས་འཕོ་འགྱུར། མང་མོས་འོས་བསྡུ་བཅས་ཀྱི་སྐུ་དབང་གི་ཆ་རྐྱེན་ཡོད་པ་འདི་དག་གཟིགས་བཞིན་དུ་སྐུ་དབང་མེད་པའི་འགྲེལ་བརྗོད་གནང་བ་མངོན་སུམ་ལ་བསྙོན་པ་རེད། རང་ངོས་ནས་ྋགོང་ས་ཆེན་པོའི་བཀའ་ལ་ཤེས་བཞིན་དུ་མ་བརྩི་ན་ནི་བཅའ་ཁྲིམས་ནང་སྐུ་དབང་ཡོད་མེད་ཀྱིས་དགོས་དམིགས་གང་ཡང་མི་འགྲུབ། རྒྱུ་མཚན་དེ་དག་ལ་བརྟེན་ནས་གཞན་གྱི་འགྲེལ་བརྗོད་བཤད་གཡམ་ལ་མ་བརྟེན་པར་མི་མང་རང་རང་སོ་སོས་བཅའ་ཁྲིམས་སློབ་སྦྱོང་ནན་ཏན་ཞིག་ངེས་པར་གནང་བའི་རེ་བསྐུལ་ནན་ཆེ་ཞུ་རྒྱུ་ཡིན།

བཅའ་ཁྲིམས་ཀྱི་འབྲུ་དོན་ལྟར་བཀའ་ཤག་འོས་འདེམས་ཐད་ད་ལམ་བཀའ་བློན་གྲངས་ཚང་འོས་འདེམས་མ་ཐུབ་པ་དེར་སྤྱི་འཐུས་ལྷན་ཚོགས་དང༌། ལྷག་པར་ངེད་རང་སྒེར་ལ་བློ་ཕམ་ཆེན་པོ་ཡོད་ཅིང༌། འདིའི་སྐོར་མང་ཚོགས་ལ་གསལ་བཤད་ཅིག་ཞུ་དགོས་ཡོད། འཁྲུངས་ལྷ་དབྱར་གསོལ་ཉིན་བཀའ་ཤག་འོས་འདེམས་མི་ཐུབ་པའི་ཐུགས་དྭོགས་གནང་མི་དགོས་པར་མི་མང་ཐུགས་བློ་བདེ་པོ་བཞུགས་འཐུས་ཀྱི་གསལ་བསྒྲགས་ཞུས་པ་དེ་དག་རྗེས་སུ་དོན་ལ་མ་གནས་པས་ངོས་རང་ངོ་ཚ་ཁ་སྐྱེངས་ཆེན་པོ་བྱུང་བ་མ་ཟད། མི་མང་ཡང་ཐུགས་བློ་ཁྲེལ་གཞི་ཞིག་བྱུང་སོང་བ་དེ་ནི། སྐབས་དེར་སྤྱི་ལྷན་གྱིས་བཀའ་ཤག་འོས་འདེམས་ཐུབ་ཐབས་མེད་པ་དང༌། དེར་བརྟེན་སྤྱི་ལྷན་འཕོ་འགྱུར་གཏོང་དགོས་ཀྱི་མ་འོངས་ལུང་སྟོན་གསལ་པོ་གནང་མཁན་མང་པོ་འདུག་པར། ཁོ་བོས་བཅའ་ཁྲིམས་གཏན་འབེབས་སྐབས་སྤྱི་འཐུས་རྣམས་དགོངས་ཚུལ་མཐུན་མིན་ཇི་ཙམ་ཡོད་རུང་ཐག་གཅོད་བྱེད་དུས་མང་མོས་ཆིག་བསྒྲིལ་ཐུབ་ཀྱི་ཡོད་པའི་མཐོང་སྣང་ལ་བརྟེན་ནས་ཞུས་པ་ཡིན་རུང༌། མཐའ་དོན་ཕྲན་གྱི་ཚོད་དཔག་དེ་ནོར་འཁྲུལ་བྱུང་འདུག་པ་དེ་ནི་ཕྲན་ལ་བོད་མིའི་སྤྱི་ཚོགས་ཀྱི་ཉམས་མྱོང་མེད་པའི་འབྲས་བུ་ཞིག་རེད། བཀའ་བློན་གཉིས་ལས་འོས་འདེམས་མ་ཐུབ་པ་སྤྱི་འཐུས་རྣམས་ཀྱིས་བཟང་སྤྱོད་ཀྱི་ལས་འགན་མ་འགྲུབ་པ་དང༌། ཚང་མའི་བློ་ཕམ་བྱ་ཡུལ་ཡིན་པ་སྨོས་མེད་ཀྱང༌། ཁྲིམས་ཐོག་ནས་ལས་འགན་མ་འགྲུབ་པར་ཁུངས་སྐྱེལ་ཐུབ་རྒྱུ་ཞིག་མིན་པ་དང༌། ལྷག་པར་འོས་ཐོན་བཀའ་བློན་གཉིས་ཀྱི་འོས་བསྡུ་བྱེད་ཕྱོགས་སྐོར་ཁྲིམས་མཐུན་མ་བྱུང་བའི་འགྲེལ་བརྗོད་སྣ་ཚོགས་ཤིག་བྱུང་འདུག་པ་དེ་དག་གཞི་རྩ་མེད་པའི་གནས་ཚུལ་ཞིག་ཡིན་པ་ཉེ་སྔོན་གསར་ཤོག་ཁག་ལ་ཞིབ་ཕྲའི་འགྲེལ་བརྗོད་ཞུས་ཡོད་པ་དེ་ནས་དགོངས་པ་དྭངས་རྒྱུ་དང༌། འོས་ཐོན་བཀའ་བློན་གཉིས་ཀྱི་འོས་བསྡུའི་ལས་རིམ་བཅའ་ཁྲིམས་དང་སྒྲིག་གཞི་ཁག་གི་འབྲུ་དོན་དང་འགལ་བ་ཕྲ་མོ་ཙམ་མེད་པར་ཁྲིམས་མཐུན་བྱུང་ཡོད་པ་ཚིག་ཐག་གཙང་གཅོད་ཀྱིས་ཞུ་ཐུབ་ཀྱི་ཡོད། དེ་མཚུངས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་རྗེས་མ་མ་ཚོགས་བར་གཞུང་དོན་འཐུས་ཤོར་མི་འབྱུང་ཆེད་རྒྱུན་ལས་ཚོགས་ཆུང་གིས་ྋགོང་ས་ཆེན་པོར་གསོལ་འདེབས་ཇི་ཞུས་བཞིན་བཀའ་རྩ་དང༌། བཀོད་ཁྱབ་ཀྱི་སྒོ་ནས་ཁ་སྐོང་བཀའ་བློན་གསུམ་ངོས་བཞེས་མཛད་པའང་བཅའ་ཁྲིམས་ཀྱི་ཆ་རྐྱེན་དང་བསྟུན་ཏེ་མཛད་པ་ཞིག་མ་གཏོགས་བཅའ་ཁྲིམས་ལ་ལྟོས་མེད་དང༌། བཀའ་བློན་ཐད་བསྐོས་མཛད་པ་སོགས་གཏན་ནས་མིན་པའི་གནས་ཚུལ་མང་ཚོགས་ཀྱིས་གསལ་པོར་མཁྱེན་དགོས། བཅའ་ཁྲིམས་གཞིར་བཟུང་འོས་འདེམས་དང་ངོས་ལེན་མཛད་པའི་ད་ལྟའི་བཀའ་ཤག་འདི་ནི་ཁྲིམས་ལུགས་དང་མཐུན་པའི་བོད་བཙན་བྱོལ་གཞུང་གི་འགན་འཛིན་པ་ཚད་ལྡན་ཞིག་ཡིན་པར་མང་ཚོགས་ནས་ངོས་ལེན་དང༌། རྒྱབ་སྐྱོར་ནུས་ཐོན་གནང་དགོས་པ་མ་ཟད། ལས་དོན་ཐོག་ལེགས་སྤེལ་ཉེས་འགོག་གི་དགོངས་འཆར་ཡང་འཛེམས་མེད་གནང་དགོས་པ་ལྟ་ཅི་སྨོས།

ད་ལམ་བཀའ་ཤག་འོས་བསྡུའི་སྐབས་ཕྲན་ངོ་བསྡད་མེད་པར་མང་ཚོགས་ཀྱི་དགོངས་ཚུལ་ཤུགས་ཆེ་ཡོད་པ་གསལ་རྟོགས་བྱུང༌། འོན་ཀྱང་ཁོ་བོ་སྤྱི་འཐུས་སུ་སླེབས་རྒྱུའི་གླེང་བརྗོད་ཙམ་མེད་སྐབས་ནས་ཚེས་ཆ་གཏན་འཁེལ་ཟིན་པའི་གཞུང་དོན་གལ་ཆེའི་ཆེད་ཕྱི་བསྐྱོད་མི་བྱ་མཐུ་མེད་བྱུང་བ་མ་ཟད། ཚོགས་འདུའི་ལས་དོན་རྣམས་ཟིན་པས། འོས་བསྡུའི་ལས་དོན་ཐོག་ཚོགས་གཙོར་གོ་སྒྲིག་དང་སྟངས་འཛིན་གྱི་འགན་ཁུར་གང་ཡང་མེད་གཤིས། འོས་ཤོག་གཅིག་གི་མང་ཉུང་མ་གཏོགས་གཞན་ཕན་གནོད་གང་ཡང་མེད་པར་བསམས་ཏེ་མ་བསྡད་པ་ལས་རྒྱུ་མཚན་གཞན་ཅི་ཡང་མེད།

བཀའ་ཤག་འོས་བསྡུ་བྱེད་ཕྱོགས་ལ་གཟིགས་ན་སྐབས་བཅུ་གཅིག་པའི་སྤྱི་འཐུས་རྣམས་མུ་མཐུད་ལས་ཁུར་བྱ་རྒྱུ་འོས་འགབ་མཆིས་མིན་བསམ་ཞིབ་བྱ་དགོས་ཀྱི་དགོངས་ཚུལ་བྱུང་འདུག་པ་དེ་ལ་དགག་བྱ་ཞུ་རྒྱུ་གང་ཡང་མེད། སྤྱི་ལྷན་ཕོ་འགྱུར་གནང་རྒྱུའི་སྐུ་དབང་བཅའ་ཁྲིམས་དོན་ཚན་ ༥༦ པའི་འོག་ྋགོང་ས་མཆོག་ལ་ཡོད་ཅིང༌། ཕྱི་ཟླ་ ༨ ཚེས་ ༣ ཉིན་རྗེ་བློན་ལྷན་ཚོགས་སུ་ྋགོང་ས་མཆོག་གི་དགོངས་བཞེད་ཇི་ཡོད་ལྟར་ཐག་གཅོད་ཡོང་བའི་གསོལ་འདེབས་དང༌། ཚེས་ ༡༢ ཉིན་བཀའ་ཤག་རྒྱུན་ལས་སུ་ཕེབས་སྐབས་བཀའ་ཤག་གི་དགོངས་བཞེད་ཇི་ཡོད་ལྟར་ྋགོང་ས་ཆེན་པོར་སྙན་གསན་གནང་འཐུས་ལས་ཚོགས་གཙོ་གཉིས་ལ་དགག་བྱ་གང་ཡང་མེད་པའི་སྐོར་གསལ་པོ་ཞུས་པ་ཡིན། མདོ་དོན་ད་ལམ་གྱི་བྱུང་བ་འདི་ལ་བརྟེན་ནས་རང་རེའི་སྤྱི་ཚོགས་ཀྱི་འཚོ་བའི་ནང་ཉམས་མྱོང་གཏིང་ཟབ་འགའ་ཤས་བྱུང་བ་གཤམ་གསལ།

༡ མང་གཙོའི་ལམ་སྲོལ་ནང་ཤར་བསྐྱོད་བྱ་རྒྱུར་མང་ཚོགས་ཀྱི་བསམ་བློའི་གནས་ཚད་ཇི་ཙམ་ད་དུང་སྨིན་དགོས་པ་དང༌།

༢ ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ལམ་སྟོན་དང་དབུ་ཁྲིད་དུས་རྟག་ཏུ་བར་མ་ཆད་པར་མེད་ན་རྒྱལ་ཁབ་གྱི་བདེན་པའི་རྩོད་ལེན་ལྟར་བཞག བཙན་བྱོལ་བའི་སྒྲིག་འཛུགས་ཙམ་ཡང་འཛིན་སྐྱོང་མི་ཐུབ་པའི་གནས་ཚུལ།

༣ སྒེར་གྱི་འཁོན་འཛིན་ལ་ཆོལ་ཁའི་མཚོན་མདངས་བསྒྱུར་ཏེ་ཆབ་སྲིད་གྱི་ལས་དོན་ཐོག་བསྲེས་པ་ཡིན་ན་སྤྱི་ཚོགས་དང་ཆབ་སྲིད་ལ་གནོད་སྐྱོན་ཇི་ཙམ་ཡོང་སྲིད་པ།

༤ ཁྲིམས་བཟོའི་འགན་དབང་ཡོད་པའི་སྤྱི་ལྷན་དུ་སྤྱི་འཐུས་ཀྱི་འོས་འདེམས་སྐབས་མང་ཚོགས་རྣམས་ལུག་ཁྱུ་རྫིས་དེད་ལྟ་བུ་མ་ཡིན་པར་རང་རང་གི་རྣམ་འབྱེད་ཀྱི་ཤེས་རབ་ངེས་པར་བེད་སྤྱོད་གཏང་དགོས་པའི་དགོས་གནད།

༥ འོས་འདེམས་ཟིན་པའི་སྤྱི་འཐུས་རྣམས་ལའང་མང་ཚོགས་ཀྱིས་ལམ་སྟོན་སྟངས་འཛིན་རྒྱུན་ཆད་མེད་པར་བྱ་དགོས་ཀྱི་དགོས་གནད་བཅས་ལ་ད་རེས་སྣ་རྩེར་མཛུབ་བཙུགས་ཀྱིས་ར་སྤྲོད་གསལ་པོ་བྱུང་བ་དེ་མ་བརྗེད་པ་གནང་དགོས།

མཐའ་དོན་ཕྲན་རང་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་ལས་དོན་ནང་དངོས་སུ་ཞུགས་ཏེ་ཟླ་བ་གསུམ་སོང་བའི་དངོས་ཡོད་ཀྱི་ཉམས་མྱོང་གི་སྟེང་ནས་བོད་མི་མང་ཚོགས་ལ་རེ་འདུན་འབོད་བསྐུལ་ཞུ་རྒྱུའི་སྙིང་པོར།

༡ བོད་མིའི་འཕྲལ་ཕུགས་ཀྱི་འདོད་དོན་གང་ཡང་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་དབུ་ཁྲིད་དང་ལམ་སྟོན་ལ་མ་བརྟེན་པར་འགྲུབ་ཐབས་ནམ་ཡང་མེད་པ་དེ་མངོན་མཐོང་གཟུགས་གྲུབ་ཡིན་སྟབས། གཞིས་བྱེས་བོད་མི་ཡོངས་ཀྱི་བསམ་ཕྱོགས་དང་ལང་ཕྱོགས་བྱེད་ཕྱོགས་མཐའ་དག་ྋགོང་ས་ཆེན་པོའི་བཞེད་དགོངས་དང་ཕྱོགས་འགལ་དུ་ནམ་ཡང་མ་སོང་བ་གནང་རྒྱུ་དང༌། འགལ་འཛོལ་བྱུང་ཚེ་འཕྲལ་དུ་སྐྱོན་སེལ་ཡོ་བསྲང་གནང་རྒྱུ་ཤིན་ཏུ་གལ་ཆེར་བརྩི་གནང་ཡོང་བ་དང༌།

༣ གཞིས་བྱེས་བོད་མི་ཡོངས་རྫོགས་དམ་ཚིག་རྡོག་རྩ་ཆིག་བསྒྲིལ་ཡོང་ཐབས་ལ་སྒོ་ཀུན་ནས་འབད་དེ། བློ་ཤེད་འགྲོ་གཞིའི་དོན་གནད་ཆུང་ཙག་ལ་ཨུ་ཚུགས་མི་བྱེད་པའི་བསམ་ཁོག་ཡངས་པོའི་སྒོ་ནས་མཛའ་བརྩེའི་ཚོར་བ་ཇེ་འཕེལ་དུ་འགྲོ་ཐབས། ༡༣༦

སྒེར་གྱི་འཁོན་རྩོད་ལ་ཆོལ་ཁ་ཆོས་ལུགས་ལུང་ཚན་སོགས་ཀྱི་སྒྲོ་བཏགས་ཕྱོགས་བསྒྲིལ་ནམ་ཡང་མི་འབྱུང་བའི་འབད་རྩོལ་དང་འབྲེལ། བོད་མི་མི་རེ་ངོ་རེས་རང་ངོས་ནས་གུ་བཤང་མཐུན་འབྲེལ་གནང་འོས་གནང་སྐྱོང༌།

༣ བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ཐབས་ལམ་འཚེ་མེད་ཞི་བའི་ལམ་འབའ་ཞིག་ལས་གཞན་མེད་པར་ྋགོང་ས་ཆེན་པོས་ལན་གཅིག་མ་ཡིན་པར་འདོམས་པར་མཛད་པ་མ་ཟད། ད་ཆ་བཅའ་ཁྲིམས་སུའང་གསལ་འཁོད་ཟིན་པ་བཅས་ལ་བརྟེན། བོད་མི་ཡོངས་ཀྱིས་འཚེ་མེད་ཞི་བའི་ལམ་བཟང་ལ་ཡིད་ཆེས་བློ་གཏད་ཀྱིས་ཁ་ཞེ་མེད་པའི་ཉམས་ལེན་དང༌། ཞི་བའི་ཐབས་ལམ་གྱི་རྣམ་བཞག་དང་ནུས་ཤུགས་ལ་སློབ་སྦྱོང་གཏིང་ཟབ་ཀྱིས་བདེན་པའི་ཨུ་ཚུགས་ཀྱི་ལས་འགུལ་ཁྱབ་སྤེལ་གནང་ཐབས་མཛད་རྒྱུ།

༤ རྒྱལ་སྤྱིའི་མང་ཚོགས་ཀྱི་སེམས་ཤུགས་དང་བཟང་སྤྱོད་ཀྱི་རྒྱབ་སྐྱོར་རྒྱ་ཆེ་གཏིང་ཟབ་ཡོད་པ་དེ་རྣམས་ཕྱོགས་བསྡོམས་ཀྱིས་གསལ་སྟོན་བྱ་རྒྱུའི་ཐབས་ལམ་བཙལ་རྒྱུ།

༥ གཞིས་ལུས་མང་ཚོགས་ལ་སྲིད་དོན་གྱི་རང་དབང་རྩོད་ལེན་གྱི་མཐུན་རྐྱེན་སྐབས་འཕྲལ་མ་འཛོམས་རུང༌། ཟས་གོས་གནས་མལ་དང༌། ཤེས་ཡོན། འགྲིམས་འགྲུལ། སྨྲ་བརྗོད་སོགས་འགྲོ་བ་མིའི་གཞི་རིམ་གྱི་ཐོབ་ཐང་རྣམས་དང༌། བོད་ཡུལ་གྱི་ཁོར་ཡུག་སྲུང་སྐྱོབ། རང་སའི་ཐོན་སྐྱེད་རང་མིར་འབབ་པ་དང༌། བོད་སར་རྒྱ་རིགས་ཕོན་ཆེ་གཞིས་ཆགས་ལ་བཀག་བསྡོམས་ཡོང་ཐབས་བཅས་ལ་ཕྱི་ནང་གཉིས་ཀ་ནས་འཕྲལ་དུ་འབད་བརྩོན་གནང་དགོས་དང༌། དེའི་ཆེད་བོད་ནང་བདེན་པའི་ལས་འགུལ་དང༌། བདེན་པའི་ཨུ་ཚུགས་བྱ་རྒྱུར་སྐུལ་སློང་ཞུ་རྒྱུ་དང༌། རང་སྐྱོང་ལྗོངས་དང་རང་སྐྱོང་ཁུལ་སོགས་སུ་བཏགས་པའི་ཆབ་སྲིད་སྡེ་ཚན་ཁག་དང་འབྲེལ་བའི་བོད་རིགས་སྣེ་མོ་བ་རྣམས་ཀྱང་བོད་མིའི་མངོན་འདོད་སྒྲུབ་ཐབས་ལ་ནུས་པ་མ་འཐོན་ན་རང་ཉིད་ཕྱིར་འཐེན་གནང་ཐབས་དང༌། ནུས་པ་ཐོན་ན་དེང་སྐབས་རྒྱལ་ཁབ་དུ་མར་འགྲོ་བཞིན་པའི་སྲིད་དོན་གྱི་འགྱུར་འགྲོས་ལས་བསླབ་བྱ་དང༌། ཡིད་འགུལ་བླངས་ཏེ་རང་རིགས་མང་ཚོགས་ཀྱི་རང་ཐག་རང་གཅོད་ཀྱི་མངོན་འདོད་གསལ་བར་བྱ་ཐབས་ལ་སྤོབས་པ་བསྐྱེད་དགོས་པ་བཅས་ཀྱི་སྐུལ་སློང་ཞུ་རྒྱུ་ཡིན་ཞིང༌། འཚེ་མེད་བདེན་པའི་ཨུ་ཚུགས་ཀྱི་ལས་འགུལ་གང་ལའང་སྡུག་བསྔལ་རང་ཐོག་ཏུ་བཟོད་པ་བྱ་དགོས་ལ་བརྟེན། རང་བདེ་བློས་བཏང་གནང་དགོས་བརྗོད་མེད་རེད།

བཙན་བྱོལ་བོད་གཞུང་ལའང་ཕྱི་ལོ་ ༡༩༧༩ ནས་བཟུང་རྒྱ་ནག་གཞུང་དང་བཙན་བྱོལ་བོད་གཞུང་དབར་ཐད་ཀའི་བཀའ་བསྡུར་དབུ་ཚུགས་པ་ནས་ད་ཕན་གནས་ཚུལ་བཟང་ངན་སྣ་ཚོགས་ཤིག་བྱུང་ཡོད་པའི་ཁར། ཡུ་རོབ་གྲོས་ཚོགས་སུ་བསྩལ་བའི་ྋགོང་ས་ཆེན་པོའི་གྲོས་གཞིར་བོད་པའི་ངོས་ནས་གུ་བཤང་དེ་ལྷག་མེད་པ་གནང་ཡོད་རུང་དེར་རྒྱ་དམར་ནས་ཡ་ལན་མ་བྱས་སྟབས་ད་ཆ་རང་བཞིན་གྱིས་རྩིས་མེད་དུ་སོང་ཟིན་པ་མ་ཟད། ཕྱིན་ཆད་བོད་ཕྱོགས་ནས་བཀའ་བསྡུར་བསྐྱར་འཐུད་ཀྱི་འབད་རྩོལ་གནང་འོས་མ་མཆིས་རུང༌། རྒྱ་དམར་ཕྱོགས་ནས་ཅི་སྟེ་བཀའ་བསྡུར་གནང་རྒྱུའི་རེ་སྐུལ་བྱུང་ཚེ། གཞིས་ལུས་བོད་མིའི་བདེ་དོན་དུ་ལན་དགུ་ཆད་མཐུད་ཀྱིས་བཀའ་བསྡུར་གནང་སྐྱོང་ཡོང་བའི་གསལ་འདེབས་ཞུས་ཡོད། དེ་བཞིན་རྒྱ་ནག་རྙིང་པའི་སྲིད་གཞུང་དང་འབྲེལ་ལམ་གནང་ཕྱོགས་ལའང་ཕྱག་བཞེས་ཐུབ་ངེས་ཀྱི་ལང་ཕྱོགས་སྲ་བརྟན་ཞིག་གང་མྱུར་གཏན་འབེབས་ཡོང་བའི་རེ་བ་ཡོད་པ་མ་ཟད། བཙན་བྱོལ་བོད་མི་ནང་ཁུལ་ལའང་བཅའ་ཁྲིམས་དགོངས་དོན་གཞིས་སྒར་ཁག་གི་སྒྲིག་འཛུགས་དང་དཔྱ་ཁྲལ་སྒྲུབ་འབུལ་ཞུ་ཕྱོགས་ཀྱིས་མཚོན་གང་ཅིའི་ཐོག་མང་གཙོ་དང་ཆིག་བསྒྲིལ་གྱི་ནུས་པ་སྲ་བརྟན་དུ་གཏོང་བའི་ཐབས་ལམ་གང་མྱུར་གསལ་སྟོན་གནང་བའི་རེ་བ་ཡོད། དེ་བཞིན་དེང་སྐབས་བོད་ནས་ཆད་མེད་དུ་འབྱོར་བཞིན་པའི་སྐྱབས་བཅོལ་བ་གསར་པ་རྣམས་དང་འབྲེལ་བའི་སྲོད་དོན་དང༌། འཚོ་ཐབས་ཀྱི་དཀའ་རྙོག་རྣམས་ལའང་རྟོག་ཞིབ་ནན་གཟབ་ཀྱིས་དམིགས་བསལ་སྲིད་བྱུས་འཛིན་སྟངས་བརྟན་པོ་ཞིག་དགོས་པའི་རེ་འདུན་ཞུས་ཡོད། དེས་ན་མང་ཚོགས་ཚང་མས་གོང་ཞུས་དོན་གནད་རྣམས་ཀྱི་ཐོག་སོ་སོའི་དགོངས་ཚུལ་གང་ཡོད་བཀའ་སློབ་དགོངས་འཆར་དང༌། སེམས་ཤུགས་དང་དངོས་པོའི་རྒྱབ་སྐྱོར་ཤུགས་ཆེ་གནང་བའི་རེ་སྐུལ་ཞུ་རྒྱུ་ཡིན། སྤྱི་འཐུས་ལྷན་ཚོགས་ཀྱི་ནུས་པ་ཐོན་མིན་མང་ཚོགས་ཀྱི་རྒྱབ་སྐྱོར་ལ་རག་ལུས་པ་སྨོས་མ་དགོས། ཕྲན་རང་ཇི་སྲིད་སྒྲིག་འཛུགས་འདིའི་ནང་ད་མུས་སུ་བསྡད་དེ་ཕན་ནུས་ཡོད་པའི་སྲི་ཞུ་འགྲུབ་རེ་ཡོད་པ་དེ་སྲིད་དུ་འབད་རྩོལ་ཞུ་རྒྱུ་དང༌། འགྲུབ་རེ་མེད་པ་མཐོང་ཚེ་བདེན་པའི་གནས་ལུགས་རྣམས་བཙན་བྱོལ་བོད་མི་རེ་རེ་བཞིན་ལ་སྙན་སློང་ཞུ་ཆེད་མང་ཚོགས་ཀྱི་ཁྲོད་དུ་བཅར་ཆོག་པ་དང༌། མདོ་དོན། མང་ཚོགས་ཀྱི་ཆེད་དུ་མང་ཚོགས་ཀྱིས་བཙུགས་པའི་མང་ཚོགས་ཀྱི་སྒྲིག་འཛུགས་དེ་མང་ཚོགས་ལ་ཕན་པ་ཞིག་བཟོས་དང་མ་བཟོས་མང་ཚོགས་ཀྱི་ཕྱག་ཏུ་ཡོད་པ་དེ་རྟག་ཏུ་ཐུགས་བཅང་ཡོད་པ་ཞུ་རྒྱུ་ཡིན། བཀྲིས་བདེ་ལེགས། ། ༡༩༩༡ ཕྱི་ཟླ་ ༩ ཚེས་ ༢ ཉིན།