སྐུའི་འཁྲུངས་སྐར་དུས་ཆེན་ཉིན་གནང་བའི་གསུང་བཤད།

༄༅། །ད་རིང་འཁྲུངས་སྐར་དུས་ཆེན་གྱི་ཉིན་མོ་འདིར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་གུས་འདུད་དང་འཚམས་འདྲི་ཞུ་བ་དང་ཆབས་ཅིག འདི་གར་ཕེབས་པའི་བོད་མི་མང་ཚོགས་རྣམས་དང༌། ཁྱེད་རྣམ་པ་བརྒྱུད་ནས་གཞིས་བྱེས་གཉིས་སུ་ཡོད་པའི་བོད་མི་མང་ཚོགས་ལ་འཚམས་འདྲི་དང་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན།དེ་རིང་གི་ཉིན་མོ་འདི་ང་ཚོ་བོད་གངས་ཅན་པ་ཙམ་དུ་མ་ཟད། འཛམ་གླིང་ཡོངས་ལ་ཤིན་ཏུ་སྐལ་བ་བཟང་པོ་དང་གལ་གནད་ཆེ་བའི་ཉིན་མོ་ཞིག་ཡིན། བོད་ཀྱི་ལོ་རྒྱུས་ནང་ད་ལྟའི་དུས་སྐབས་འདི་ཤིན་ཏུ་གཉན་འཕྲང་ཅན་ཞིག་ཡིན་པ་ཚང་མས་མཁྱེན་གསལ་ཡིན། བོད་འདི་གཉན་འཕྲང་ཅན་གྱི་དུས་རབས་ཤིག་ནང་འགྲོ་གི་ཡོད་པ་མ་ཟད། འཛམ་གླིང་ཡོངས་རྫོགས་དུས་རབས་ཉི་ཤུ་པ་འདིའི་ནང་ཤིན་ཏུ་གཉན་འཕྲང་ཅན་ཞིག་གི་ཐོག་འགྲོ་གི་ཡོད། དེ་འདྲ་ཞིག་གི་སྐབས་ལ་བོད་ཀྱི་དབུ་ཁྲིད་ྋགོང་ས་ྋསྐྱབས་མགོན་ཆེན་པོ་འདི་ལྟ་བུ་ཞིག་ཕེབས་ནས་འཛམ་གླིང་ཡོངས་ལ་དྲང་བདེན་དང་ཞི་བདེའི་ལམ་སྟོན་གནང་ཐུབ་པ་འདི་ང་རང་ཚོ་བོད་མི་རིགས་ཀྱི་གཟི་བརྗིད་ཡིན།

ངས་དྲན་གསོས་པ་ཞིག་ལ་ྋསྐྱབས་མགོན་རིན་པོ་ཆེ་སྐུ་གཞོན་ནུའི་སྐབས་ང་རང་སྒོ་མང་གྲྭ་ཚང་ལ་གསུང་ཆོས་ཤིག་ཏུ་འགྲོ་སྐབས་ྋསྐྱབས་རྗེ་རིན་པོ་ཆེས་ད་ལྟའི་ྋརྒྱལ་བ་སྐུ་ཕྲེང་འདི་བོད་མི་མང་གི་བསོད་ནམས་ཀྱིས་འཆུན་པ་ཡིན་ན་ྋརྒྱལ་མཆོག་སྐུ་ཕྲེང་ལྔ་པ་དང་བདུན་པ་གཉིས་ཀ་བསྡོམས་པ་ལས་ལྷག་པ་ཞིག་ཡོང་བའི་ཐུགས་རེ་དང་ཡིད་ཆེས་ཡོད་ཅེས་བཀའ་གནང་སོང༌། དེ་དུས་ང་རང་ཕྲུ་གུ་ཡིན་ཙང་ྋརྒྱལ་བ་ལྔ་པ་དང་བདུན་པ་གཉིས་བསྡོམས་པ་ལས་ལྷག་པ་གང་འདྲ་ཞིག་ཡོང་གི་ཡོད་དམ་བསམ་པ་དྲན་བྱུང༌། ད་ལྟའི་གནས་སྐབས་ལ་ང་ཚོས་དངོས་སུ་མཇལ་བར་འཇིག་རྟེན་འདིའི་ཐོག་ཆོས་དང་སྲིད་གཉིས་ཀའི་མཛད་འཕྲིན་གྱི་ཆ་ནས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་འདི་རྒྱལ་མཆོག་ལྔ་པ་དང་བདུན་པའི་ཆོས་སྲིད་མཛད་འཕྲིན་བསྡོམས་པ་ལས་ལྷག་པ་མ་༡༢༠

ཟད། ད་ཕན་ྋརྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་བྱོན་ཟིན་པ་དེ་དག་གི་མཛད་འཕྲིན་ཐམས་ཅད་ཕྱོགས་གཅིག་ཏུ་བསྡོམས་པ་ལས་ལྡབ་ཀྱིས་ལྷག་པའི་མཛད་འཕྲིན་རྒྱ་ཆེ་བསྐྱངས་ཤིང༌། དེ་འདྲའི་འཇིག་རྟེན་གྱི་མགོན་པོ་ཆེན་པོ་ཞིག་སྐུ་བལྟམས་པའི་དུས་ཆེན་ལ་རྗེས་དྲན་ཞུ་ཆེད་ང་རང་ཚོ་འདིར་འཛོམས་པ་རེད། ངས་རེ་བ་དང་སྨོན་འདུན་ཞུ་རྒྱུར། ང་རང་ཚོས་དད་པ་དང་དམ་ཚིག་མ་ཉམས་པའི་དམ་ཚིག་བཟང་པོ་ཞིག་གི་ཐོག་ནས་སྐྱབས་མགོན་རིན་པོ་ཆེ་བོད་དང་འཛམ་གླིང་སྤྱིའི་དབུ་ཁྲིད་ཡར་འདྲེན་ཆེན་པོར་སྐུ་ཚེ་བསྐལ་པ་ཁྲི་ཕྲག་ནས་ཁྲི་ཕྲག་བར་དུ་བརྟན་པར་བཞུགས་ཐུབ་པའི་ཐུགས་སྨོན་གནང་བ་ཡིན་ན། དམ་ཚིག་གོང་བུ་གཅིག་བསྒྲིལ་གྱི་ནུས་པ་ལ་བརྟེན་ནས་ང་ཚོའི་སྨོན་ལམ་ངེས་པར་དུ་འགྲུབ་ཀྱི་རེད་བསམ་པའི་ངས་ཡིད་ཆེས་ཞུ་གི་ཡོད།

དེ་རིང་གི་གོ་སྐབས་འདི་བཟུང་ནས་དམིགས་བསལ་ཅན་ཞིག་ལ་ངས་བོད་མི་མང་སྤྱི་འཐུས་ཚང་མའི་ཚབ་ཞུས་ནས་ྋསྐྱབས་མགོན་རིན་པོ་ཆེར་གུས་འདུད་འཚམས་འདྲི་ཞུ་རྒྱུ་མ་ཟད། བོད་མི་མང་ཚོགས་ལའང་འཚམས་འདྲི་ཞུ་གི་ཡོད། གང་ཡིན་ཞེ་ན། སྐབས་བཅུ་གཅིག་པའི་སྤྱི་འཐུས་བདམས་ཐོན་བྱུང་ནས་མང་ཚོགས་ནང་མི་མང་དངོས་སུ་ཐུག་སྟེ་བཀའ་མོལ་ཞུ་རྒྱུ་དེ་རིང་ཐེངས་དང་པོ་ཡིན། ྋསྐྱབས་མགོན་རིན་པོ་ཆེས་བོད་ཀྱི་ཆབ་སྲིད་ཀྱི་ངོ་བོ་མང་གཙོ་ཆ་ཚང་བ་ཞིག་གི་ལམ་ལ་འཇུག་དགོས་ཞེས་ ༡༩༥༩།༡༩༦༠ ལོ་ནས་བཀའ་གནང་དང་གནང་བཞིན་པ་རེད། ཡིན་ནའང་མང་ཚོགས་ཀྱི་བསམ་བློའི་ཆུ་ཚད་དང༌། སྲིད་དོན་གྱི་ཐུགས་སྣང་གི་འགོག་རྐྱེན་ལ་བརྟེན་ནས་ད་ལྟ་བར་ང་ཚོ་མང་གཙོའི་ལམ་སྲོལ་ཡོངས་སུ་རྫོགས་པ་ཞིག་ནང་འགྲོ་ཐུབ་མེད། ད་རེས་སྐབས་བཅུ་གཅིག་པ་སྤྱི་འཐུས་འདི་ན་ནིང་ཕྱི་ཟླ་ ༥ པའི་དམིགས་བསལ་ཚོགས་འདུའི་སྐབས་ྋསྐྱབས་མགོན་རིན་པོ་ཆེས་ཐུགས་ཐག་གཙང་མ་བཅད་དེ་འཕོ་འགྱུར་མང་པོ་ཞིག་བཏང་བ་དེ་དག་དངོས་སུ་ལག་ལེན་བསྟར་བའི་དུས་ལ་སླེབས་ཡོད། ང་ཚོའི་ཞུ་བྱ་དང་པོ་བཙན་བྱོལ་དུ་སྡོད་རིང་ལག་ལེན་བསྟར་རྒྱུའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་ཞུ་དགོས་ཞེས་ང་ཚོ་དམ་འབུལ་གྱི་ཉིན་མོ་དེར་ྋསྐྱབས་མགོན་རིན་པོ་ཆེས་བཅའ་ཁྲིམས་ཟིན་བྲིས་གནང་བ་དང་ཆབས་ཅིག་བཀའ་ཕེབས་བྱུང༌། དེ་ནས་བཟུང་ཕྱི་ཟླ་ ༦ ཚེས་ ༢༨ བར་དུས་ཡུན་ཟླ་གཅིག་ཙམ་རིང་རྣམས་ྋསྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་དང་མཐུན་པ་གང་ཐུབ་ཐུབ་ཀྱིས་སོ་སོའི་སྒོ་གསུམ་ནུས་པ་ཡོད་རྒུ་རྩལ་སྤྲུགས་ཀྱིས་བཏོན་ཏེ་བཅའ་ཁྲིམས་གཏན་འབེབས་ཞུས་ཟིན་པ་ཡིན།

བཅའ་ཁྲིམས་གཏན་འབེབས་ཞུ་རྒྱུ་དེ་མང་ཚོགས་ཀྱི་བསམ་ཚུལ་ཡོངས་སུ་ཁས་ལེན་ནས་རྩ་ཁྲིམས་གཏན་འབེབས་ཞུས་པ་མ་གཏོགས། ྋསྐྱབས་མགོན་རིན་པོ་ཆེས་མར་གནང་བ་དེ་ག་རང་ཡག་པོ་འདུག་ཅེས་གཏན་འབེབས་རྩ་བ་ནས་ཞུས་ཡོད་པ་མ་རེད། ད་རེས་གཏན་འབེབས་བྱས་པའི་བཅའ་ཁྲིམས་ནི་བོད་མི་མང་གིས་ཆོལ་གསུམ་ཆོས་ལུགས་ཡོངས་སུ་μོགས་པའི་འཐུས་མིར་འདེམས་བསྐོ་བྱས་པའི་ཁྲིམས་བཟོ་ལྷན་ཚོགས་ཤིག་གིས་མང་ཚོགས་ཀྱི་བསམ་ཚུལ་ཡོངས་སུ་རྫོགས་པ་གསལ་བར་བྱས་པའི་བཅའ་ཁྲིམས་ཤིག་ཆགས་ཡོད། དེ་ལ་ྋསྐྱབས་མགོན་རིན་པོ་ཆེས་ཆོག་མཆན་ཕེབས་པ་དང༌། ལག་ལེན་འགོ་འཛུགས་བྱེད་རྒྱུའི་དུས་ཚོད་གཏན་འབེབས་གནང་བ་དེ་ཟླ་བ་སྔོན་མའི་ཕྱི་ཚེས་ ༢༨ ནས་ཡིན།

ད་ལྟའི་གནས་སྐབས་ལ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དེ་མང་ཚོགས་ཀྱིས་འདེམས་བསྐོ་བྱས་པའི་ཁྲིམས་བཟོ་ལྷན་ཚོགས་ཤིག་གིས་གཏན་འབེབས་བྱས་པའི་བཅའ་ཁྲིམས་འོག་ང་རང་ཚོའི་ནུས་པ་འདོན་དགོས་རྒྱུ་དེ་ཡིན། མང་ཚོགས་ངོས་ནས་ྋསྐྱབས་མགོན་རིན་པོ་ཆེ་སྐུ་ཚེ་ྋཞབས་པད་བརྟན་པ་དང༌། ྋསྐྱབས་མགོན་རིན་པོ་ཆེ་ལ་དད་པ་དམ་ཚིག་ཆེན་པོ་ཡོད་པ། ྋསྐྱབས་མགོན་རིན་པོ་ཆེ་བོད་མི་མང་ཚོགས་ཀྱི་དབུ་ཁྲིད་མ་གནང་ན་འགྲིག་གི་མེད་པའི་བསམ་ཚུལ་ཤུགས་ཆེན་པོ་ཞིག་ཡོད་པ་དེ་བརྗོད་མ་དགོས་པ་རེད། ཡིན་ནའང་དེ་འདྲའི་བསམ་ཚུལ་ཤུགས་ཆེན་པོ་ཡོད་པ་འདི་ཕན་ཐོགས་ཡོད་པ་ཞིག་དང༌། ལག་ལེན་དུ་འཁེལ་ཐུབ་པ་ཞིག་ཇི་ལྟར་བྱས་ཏེ་བྱེད་དགོས་ཤེ་ན། ྋསྐྱབས་མགོན་རིན་པོ་ཆེའི་དགོངས་བཞེད་གཏན་ལ་ཕབ་པའི་སྲིད་དོན་གང་ཡིན་པ་དེ་ངོ་ཤེས་པ་བྱས་ཏེ་ཐུགས་ཀྱི་དགོངས་བཞེད་གང་ལེགས་སྒྲུབ་པ་དང༌། དགོངས་གཞི་དེ་དང་མཐུན་པའི་གཏན་འབེབས་ཀྱི་སྲིད་དོན་གང་ཡིན་པ་དེ་མང་ཚོགས་ཀྱིས་ཉམས་སུ་བླངས་ནས་དེའི་ཐོག་ལ་འགྲོ་ཐུབ་པ་ཞིག་དང༌། འགྲོ་སྟངས་དེ་ཡང་ཁྲིམས་དང་མཐུན་པ་བྱས་ནས་ྋསྐྱབས་མགོན་རིན་པོ་ཆེས་ཁྱབ་བསྒྲགས་མཛད་པའི་བཅའ་ཁྲིམས་ཀྱི་དགོངས་དོན་དང་མ་འགལ་བའི་ཐོག་ནས་ལག་ལེན་བསྟར་དགོས་རྒྱུ་འདི་གལ་ཆེན་པོ་ཆགས་ཡོད། ངའི་ལས་རོགས་ཀྱིས་མཚོན་པའི་སྤྱི་འཐུས་རྣམ་པ་རིང་མིན་བོད་མི་མང་ཚོགས་ནང་འཚམས་འདྲིར་ཕེབས་ཏེ་བཅའ་ཁྲིམས་སྐོར་འགྲེལ་བཤད་གནང་རྩིས་ཡོད་ཅེས་དང༌། སྔོན་མ་ཞུ་རྒྱུ་བྱུང་ལ། ད་ལྟ་ཡང་ཞུ་རྒྱུར་ང་ཚོའི་ལས་འགན་འགྲུབ་དང་མི་འགྲུབ་དང༌། ང་ཚོའི་ནུས་པ་འཐོན་མི་འཐོན་གང་ལ་རག་ལུས་ཡོད་ཅེ་ན། མང་ཚོགས་རང་ལ་རག་ལུས་ཡོད། མང་ཚོགས་ཀྱི་མཐུན་བསྒྲིལ་དང་རྒྱབ་སྐྱོར་ཇི་ཙམ་ཆེ་བ་དེ་ཙམ་གྱིས་ང་ཚོའི་ལས་འགན་འགྲུབ་པ་དང་ནུས་པ་འཐོན་པ་ཞིག་ཡོང་གི་རེད། མང་ཚོགས་ཀྱི་མཐུན་བསྒྲིལ་དང་རྒྱབ་སྐྱོར་ཇི་ཙམ་ནུས་ཤུགས་ཆུང་བ་དེ་ཙམ་གྱིས་ང་ཚོའི་ལས་འགན་ཚགས་སུ་མི་ཚུད་པ་དང་བསྒྲུབ་མི་ཐུབ་པ་ཡོང་རྒྱུ་རེད། དེར་བརྟེན་ྋསྐྱབས་མགོན་རིན་པོ་ཆེའི་དབུ་ཁྲིད་འོག་བོད་སྤྱིའི་ལས་དོན་འདི་ཚགས་ཚུད་པ་ཞིག་དང༌། གོམ་པ་མདུན་ལ་སྤོ་ཐུབ་པ། གང་མགྱོགས་བོད་མིའི་བདཻན་མཐའ་གསལ་ཐུབ་པ་ཞིག་ཡོང་ཐབས་སུ་སྐབས་བབ་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ཐོག་མང་ཚོགས་ནས་རྒྱབ་སྐྱོར་གང་ཆེ་ཡོང་བའི་རེ་བ་ཞུ་རྒྱུ་ཡིན།

ད་སྐབས་མང་ཚོགས་ནང་བོད་ཀྱི་ཆབ་སྲིད་ཀྱི་འགན་ཁུར་བཞེས་མཁན་བཀའ་ཤག་གི་བཀའ་བློན་འོས་བསྡུ་བྱེད་བཞིན་པ་འདི་སྐོར་མཐོང་ཐུབ་པ་ཞིག་ལ་མང་ཚོགས་ནང་སེམས་འཚབ་ཆེན་པོ་ཡོད་པའི་རྣམ་པ་འདུག འགའ་ཞིག་གིས་ང་ལ་དངོས་སུ་ད་གང་འདྲ་བྱེད་ཀྱི་ཡོད་དམ། སྤྱི་འཐུས་ལྷན་ཚོགས་ཤོག་ཁ་གང་འདྲ་ཞིག་ནང་ཁ་གྲམ་ནས་བསྡད་ཡོད་པ་མ་རེད། བཀའ་ཤག་གི་མི་འགྲོ་དེ་དག་ཡག་པོ་ཞིག་ཡོང་ཐུབ་ཀྱི་རེད་དམ་ཞེས་སེམས་འཚབ་གནང་མཁན་དེ་འདྲ་འདུག དེ་དག་ཚང་མར་ངས་སྐབས་འདིར་ཞུ་ཐུབ་པ་ཞིག་ལ། སྐབས་བཅུ་གཅིག་པའི་སྤྱི་འཐུས་ལྷན་ཚོགས་འདིའི་སྤྱི་འཐུས་རེ་རེ་བཞིན་གྱི་རེ་འདུན་དང་བསམ་བློ་གཏོང་སྟངས་མི་འདྲ་བ་ག་རེ་ཡོད་པ་དེ་དག་འཇིགས་ཞུམ་མེད་པར་གསལ་པོ་བྱས་ཏེ་གྲོས་ཚོགས་ཐོག་འདོན་རྒྱུའི་གོ་སྐབས་ཡོད་པའི་གྲོས་ཚོགས་ཤིག་ཡིན། ང་ཚོས་མི་མང་ཡོངས་μོགས་ཀྱི་བསམ་ཚུལ་དེ་གཅིག་ཏུ་བསྡུ་བ་ལས་གང་ཟག་གཅིག་གི་བསམ་ཚུལ་དེ་མི་མང་ཡོངས་རྫོགས་ཐོག་ལ་བཙན་དབང་གིས་འཇོག་པའི་ཐབས་ལམ་རྩ་བ་ཉིད་ནས་བྱེད་ཀྱི་མེད། དེར་བརྟེན་སྤྱི་འཐུས་དང་བསམ་ཚུལ་མི་འདྲ་བ་ཡོད་པ་འདི་སྤྱི་འཐུས་ཀྱི་གཟི་བརྗིད་ལ་ངོས་འཛིན་བྱེད་པ་ལས། སྐྱོན་ཆ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་མེད།

མང་གཙོའི་ལམ་སྲོལ་ཡང་དག་པ་ཞིག་ཡོང་དང་མི་ཡོང་དེ་མི་མང་གི་བསམ་ཚུལ་གང་ཡོད་པ་དེ་སྤྱི་ཚོགས་ནང་བཤད་ས་ཞིག་ལ་སླེབས་ཐུབ་པ་དགོས། སྤྱི་འཐུས་ལྷན་ཚོགས་ནང་མང་ཚོགས་ཀྱི་རེ་འདུན་འདྲ་མིན་ཡོད་པ་དེ་ཚོ་ཤོད་རེས་བྱེད་ཀྱི་ཡོད། ཡིན་ནའང་རྩ་དོན་གཏན་ལ་ཕབ་པའི་གལ་ཆེའི་གནད་དོན་གཅིག་ལ་ཐུག་སྐབས་ཚང་མ་བློ་གཅིག་སེམས་གཅིག་འདུན་པ་གཅིག་བསྒྲིལ་བྱས་ནས་བྱེད་ཐུབ་པའི་གནད་སྟངས་ད་ཕན་ང་ཚོས་ཐག་གཅོད་བྱས་པའི་ལས་དོན་མང་པོ་ཞིག་གི་ཐོག་ནས་སྤྱི་འཐུས་ལྷན་ཚོགས་ཇི་ཙམ་རྡོག་རྩ་གཅིག་བསྒྲིལ་ཡིན་པ་གསལ་པོ་མཚོན་ཐུབ་པ་ཆགས་ཡོད་བསམ་པ་དང༌། མ་འོངས་པར་བཀའ་ཤག་འདེམས་བསྐོ་བྱེད་རྒྱུས་མཚོན་གནས་ཚུལ་ག་རེ་ཡིན་ཡང་ཐག་གཅོད་བྱེད་པའི་གནད་འགག་ལ་སླེབས་སྐབས་རྡོག་རྩ་གཅིག་བསྒྲིལ་གྱིས་འགྲོ་རྒྱུ་མ་གཏོགས། དེ་འདྲའི་དབང་གིས་ལས་དོན་ལ་སྐྱོན་ཡོང་གི་རེད་བསམ་པ་རང་ངོས་ལ་དྭོགས་གནས་རྩ་བ་ནས་མེད། མང་ཚོགས་ཚང་མ་ཐུགས་བདེ་པོར་བཞུགས་རོགས་གནང༌། མ་འོངས་པའི་ལས་དོན་ལ་དམིགས་བསལ་གྱི་འགན་ཁུར་གསར་པ་དེ་འདྲ་མ་བྱུང་བ་ཡིན་ན་ད་ལྟའི་གནས་སྐབས་འདི་ལ་ང་ཚོ་ཐུགས་དྭོགས་དང་ཐུགས་ཁྲལ་གནང་དགོས་པ་རྩ་བ་ནས་མེད། ྋསྐྱབས་མགོན་རིན་པོ་ཆེའི་ཐུགས་རྗེར་བརྟེན་ནས་འཛམ་གླིང་ནང་ལ་བོད་ཀྱི་གནས་སྟངས་དེ་བསྐྱར་དུ་གསར་པ་ཞིག་སྒང་སླེབས་ཏེ་འགྱུར་བ་མང་པོ་ཞིག་འགྲོ་གི་ཡོད་པ་དེ་དག་འཛམ་གླིང་མང་ཚོགས་ཀྱིས་མཐོང་བ་དེ་ནི་ྋསྐྱབས་མགོན་རིན་པོ་ཆེའི་བཀྲིན་དང༌། བོད་ཀྱི་གོམས་གཤིས་བཟང་པོ་རྣམས་ད་བར་མི་ཉམས་རྒྱུན་འཛིན་བྱས་པ་ལ་བརྟེན་ནས་བྱུང་བ་རེད། མ་འོངས་པར་དམ་ཚིག་རྡོག་རྩ་གཅིག་བསྒྲིལ་གྱིས་ྋརྒྱལ་བ་རིན་པོ་ཆེའི་དབུ་ཁྲིད་དང་དེས་བསྟན་པའི་སྲིད་བྱུས་འོག་ཤར་བགྲོད་བྱེད་ཐུབ་པ་ཞིག་དང༌། མང་ཚོགས་ནང་གི་ཕྱོགས་སོ་སོའི་གནས་དོན་ཆུང་ཙག་དེ་དག་སྤྱི་དོན་ཞིག་ལ་སླེབས་སྐབས་དེ་དག་ཕར་བཞག་ནས་རྡོག་རྩ་གཅིག་བསྒྲིལ་བྱེད་དགོས། མཐའ་དོན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་སྐུ་ཚེ་ཁྲི་ལོར་བརྟན་པ་དང༌། བོད་ཀྱི་མང་གཙོའི་ལམ་སྲོལ་འདི་ྋསྐྱབས་མགོན་རིན་པོ་ཆེའི་ཐུགས་དང་མཐུན་པ་ཚུལ་བཞིན་འགྲུབ་པ། ཆོས་དང་སྲིད་ཀྱི་ལམ་སྲོལ་གང་འདྲ་ཞིག་ཡིན་ཡང་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་དགོངས་གཞི་དང་མཐུན་པ་ཞིག་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།
བཀྲ་ཤིས་བདེ་ལེགས།  ༡༩༩༡ ཕྱི་ཟླ་ ༧ ཚེས་ ༦ ཉིན།