གསུམ་བཅུའི་དུས་དྲན་ཉིན་གནང་བའི་གསུང་བཤད།

ཕྱི་ལོ་ ༡༩༥༩ ལོར་བོད་རྒྱ་ཆེ་མང་ཚོགས་ཀྱིས་རྒྱ་དམར་བཙན་གནོན་འོག་ནས་གྱེན་ལངས་ཞི་རྒོལ་རླབས་ཆེན་འགོ་ཚུགས་ཏེ་ལོ་སོ་བཞི་འཁོར་བའི་དུས་དྲན་གྱི་ཉིན་མོ་འདིར། ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་རྒྱལ་ཁབ་དང་བསྟན་སྲིད་ཀྱི་དོན་དུ་གཅེས་པའི་སྐུ་སྲོག་ཀྱང་དོར་དང་འདོར་བཞིན་པ་རྣམས་ལ་རྗེས་དྲན་དང༌།

སྨོན་འདུན་ཞུ་རྒྱུ་མ་ཟད། ཁོང་རྣམས་ཀྱི་ཐུགས་ལ་བརྣག་པའི་རེ་འདུན་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ལས་དོན་མུ་མཐུད་སྔར་ལས་ཤུགས་ནུས་ཆེ་བསྐྱེད་ཀྱིས་འབད་བརྩོན་ཞུ་རྒྱུའི་དམ་བཅའ་ཡང་ཞུ་རྒྱུ་ཡིན།

བོད་ཀྱི་རང་དབང་དང་བོད་མིའི་རིག་གཞུང་སྲུང་སྐྱོབ་བྱ་རྒྱུ་ནི་སྐྱེ་འགྲོ་སྤྱི་དང༌། ཁྱད་པར་ཤར་གླིང་ཡོངས་ཀྱི་ཕན་བདེ་དང་འབྲེལ་བ་གཏིང་ཟབ་ཡོད་པ་ཞིག་ཡིན་སྟབས་རྒྱ་ཁྱབ་འགན་ཁུར་ལྷག་བསམ་གྱི་ཐོག་ནས་བསྒྲུབ་དགོས་ཤིང༌། དེ་ཡང་འཇིག་རྟེན་ཞི་བདེའི་དེད་དཔོན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བླ་ན་མེད་པའི་དབུ་ཁྲིད་ཀྱི་འོག་ཆོལ་གསུམ་བོད་རིགས་གཞིས་བྱེས་ཡོངས་μོགས་བསམ་མོས་དམ་ཚིག་ཟོང་ཁ་ཆིག་བསྒྲིལ་གྱིས་བསྒྲུབ་དགོས་པ་དང༌། སྒྲུབ་པའི་ཐབས་ལམ་ཡང་འཚེ་མེད་ཞི་བའི་ཐབས་ལམ་ཉག་གཅིག་ལ་བརྟེན་པ་དེ་གནད་ཀྱི་སྙིང་པོ་ཡིན་པ་བསྐྱར་ནན་གྱིས་དྲན་སྐུལ་ཞུ་རྒྱུ་ཡིན།

ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཡང་དག་པའི་ལམ་སྟོན་འོག་གཏན་ལ་ཕབ་པའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་ལྟར་ད་ལྟའི་བཙན་བྱོལ་གཞུང་གི་སྒྲིག་འཛུགས་འདི་བཞིན་མང་གཙོའི་ལམ་སྲོལ་གྱི་ངོ་བོ་ཡོངས་སུ་རྫོགས་པ་ཞིག་ཏུ་གྱུར་ཟིན་སྟབས་མང་ཚོགས་ལ་སྔར་ལས་ལྷག་པའི་འགན་ཁུར་ཆེ་རུ་ཕྱིན་ཡོད་ཅིང༌། ལྷག་པར་ཆབ་སྲིད་འཛིན་སྐྱོང་གི་ལས་ཀྱི་སྣེ་མོ་བ་དང༌། སྤྱི་འཐུས་སོགས་ཀྱིས་རང་འཁྲིའི་ལས་འགན་ལྷག་བསམ་ཟོལ་མེད་ཀྱིས་སྒྲུབ་ཀྱི་ཡོད་མེད་ཞིབ་འཇུག་དང༌། དགེ་འདོན་ཡོ་བསྲང་གི་ཐབས་ཚུལ་ལྷོད་མེད་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན།

ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བཀའ་སློབ་སྔ་རྗེས་དང༌། དེང་དུས་རྒྱལ་སྤྱིའི་འགྱུར་འགྲོས་བཅས་གང་ལ་གཞིགས་ཀྱང་བོད་མི་གཞིས་བྱེས་མཉམ་འཛོམས་ཀྱི་དུས་སྐབས་བཟང་པོ་མགྱོགས་མྱུར་འཆར་བའི་རེ་བ་ཧ་ཅང་ཆེན་པོ་ཡོད་པའི་སྐབས་འདིར། ཤ་རུས་གཅིག་ལས་མཆེད་པའི་སྤུན་ཟླ་ནང་ཁུལ་དོན་མེད་འཐེན་འཁྱེར་དང༌། དཀྲོག་གཏམ་གྱི་རྗེས་སུ་མ་རྒྱུགས་པར་བྱང་སེམས་འཕགས་པའི་བུ་རྒྱུད་རྣམས་མཐུན་པ་མཆེད་བཞིའི་ངང་ཚུལ་ལྟར་གདུང་སེམས་མཉམ་སྐྱེད་ཀྱིས་བོད་སྤྱི་པའི་དོན་ཆེན་ཐོག་ལ་རང་རང་སོ་སོའི་བགོ་སྐལ་ལས་དོན་གྱི་གྲུབ་འབྲས་ལེགས་སྐྱེས་སུ་འབུལ་ཐུབ་པའི་འབད་བརྩོན་དང༌། ཤུགས་སྣོན་སྔར་ལྷག་ཆེར་སྐྱེད་གནང་དགོས་ཀྱི་འདུག འདས་པའི་ལོ་ངོ་འགའ་ཤས་ནང་བོད་དུ་བོད་མིས་ལུས་སྲོག་ལ་ལྟོས་མེད་ཀྱིས་ཞི་རྒོལ་གྱེན་ལངས་མུ་མཐུད་ཡོང་བཞིན་པའི་ཁར། རྒྱ་གར་དུ་སྐྱབས་བཅོལ་གསར་འབྱོར་ཇེ་མང་དུ་འགྲོ་བཞིན་པ་མ་ཟད། དེ་ཚོའི་ནང་ཤེས་ཡོན་ཅན་དང༌། ཆབ་སྲིད་ཀྱི་ལས་བྱེད་པའང་གང་མང་འབྱོར་བཞིན་པའི་གནས་ཚུལ་འདི་དག་གིས། རྒྱ་དམར་གྱིས་གུ་ཡངས་དང༌། དཔལ་འབྱོར་ཡར་རྒྱས་སོགས་ཀྱི་དྲིལ་བསྒྲགས་ཁྱབ་སྤེལ་དེ་དག་μུན་གཏམ་དང༌། བོད་མི་སུས་ཀྱང་རྒྱ་དམར་དབང་སྒྱུར་མཁན་ལ་ཡིད་ཆེས་རྩ་བརླག གཞིས་འཁོད་བོད་མིས་རང་ཐག་རང་གཅོད་ཀྱིས་རང་དབང་གི་མངོན་འདོད་གསལ་བར་བྱེད་པའི་དུས་ཚོད་འཆར་ལ་ཉེ་བའི་དན་རྟགས་གསལ་པོ་ཞིག་ཡིན་པ་བརྗོད་མ་དགོས། དེ་འདྲའི་གལ་འགངས་ཅན་གྱི་དུས་སྐབས་འདིར། ྋགོང་ས་ྋསྐྱབས་མགོན་ཆེན་པོས་བཙན་བྱོལ་གཞུང་མང་གིས་རྒྱ་དམར་དང་མཉམ་དུ་དོན་ཕན་ཡོད་པའི་འབྲེལ་ལམ་ཞི་མོལ་སྔོན་འགྲོའི་ཆ་རྐྱེན་མཁྲེགས་བཟུང་མེད་པར་མུ་མཐུད་ཡོང་ཐབས་བྱ་རྒྱུ་དང་གཅིག འཛམ་གླིང་ནང་བོད་ཀྱི་གནས་སྟངས་སྐོར་གསལ་བསྒྲགས་ཤུགས་ནུས་ཆེ་རུ་གཏོང་རྒྱུ་དང་གཉིས། རྒྱ་དམར་གྱིས་བོད་འདི་དཔལ་འབྱོར་འཛུགས་སྐྲུན་གྱི་བསྟི་གནས་སུ་གསལ་བསྒྲགས་བྱས་པའི་དོན་གནད་འདིས། བོད་མི་དང༌། བོད་ཀྱི་རིག་གཞུང༌། བོད་མིའི་ངོས་འཛིན་བཅས་ལ་ཕན་གནོད་ཇི་འགྱུར་རྟོག་ཞིབ་བྱེད་རྒྱུ་དང་གསུམ། བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་ལམ་སྲོལ་མང་གཙོ་ཚད་ལྡན་དང༌། ལྷག་པར་གཞི་རིམ་མང་ཚོགས་ཁྲོད་དུ་མང་གཙོ་དངོས་སུ་ལག་བསྟར་ཐུབ་ཐབས་ལ་འབད་བརྩོན་ཤུགས་ནུས་ཆེ་རུ་གཏོང་རྒྱུ་བཅས་ཀྱི་དོན་གནད་བཞི་པོ་འདི་བསྒྲུབ་དགོས་དམིགས་བསལ་གལ་གནད་ཆེ་བར་གཟིགས་པ་འདི་ནི་དངོས་དོན་རྒྱུ་མཚན་དང་ལྡན་པར་སོང༌། སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་རྒྱའི་འབྲེལ་ལམ་སྐོར་གྲོས་ཆོད་སྔ་རྗེས་རིམ་འཇོག་ཞུས་པ་ལྟར་གྱི་ལས་དོན་རྣམས་འཛིན་སྐྱོང་བཀའ་ཤག་གིས་ཕྱག་ལེན་འཁེལ་ཐབས་གནང་མུས་དང༌། བོད་ནང་དཔལ་འབྱོར་འཛུགས་སྐྲུན་ལ་མཉམ་རུབ་མ་འཛུགས་བྱེད་བློ་ཡོད་རིགས་ལ་ཁོང་ཚོའི་ལས་དོན་རྣམས་བོད་དང་བོད་མིར་ཕན་མེད་གནོད་སྐྱེལ་དུ་མི་འགྲོ་བའི་ཆེད་ལམ་སྟོན་འབོད་སྐུལ་ཞུ་སླད་རང་ཕྱོགས་ནས་ངེས་གཏན་འཁེལ་བའི་སྲིད་བྱུས་ཤིག་དགོས་གལ་ཆེ་བས། དེའི་སྐོར་ཉམས་ཞིབ་དང་གྲོས་བསྡུར་ཞུ་མུས་ལ་རིང་མིན་གཏན་འབེབས་གསལ་བསྒྲགས་ཞུ་ཐུབ་རེ་ཡིན། རྒྱལ་སྤྱིའི་ནང་བོད་ཀྱི་བདེན་དོན་གསལ་བསྒྲགས་ནུས་ཤུགས་ཆེ་རུ་གཏོང་ཆེད་འབྲེལ་ཡོད་ས་གནས་སྤྱི་འཐུས་དང༌། སྤྱི་ལྷན་སྐུ་ཚབ་གང་འཚམས་བོད་དོན་རྒྱབ་སྐོར་ཚོགས་འདུ་ཁག་དང༌། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བསྐྱོད་དང་སྐྱོད་བཞིན་ཁར། ཁྱད་པར་རྒྱ་གར་ནང་ཁུལ་བོད་དོན་དྲིལ་བསྒྲགས་ལ་སྨན་པའི་ལས་འགུལ་གང་ཐུབ་ཞུས་དང་ཞུ་འཆར་ཡོད་མུས། ལྷག་པར་བཙན་བྱོལ་གཞུང་གི་ཆབ་སྲིད་ཀྱི་ལམ་སྲོལ་མང་གཙོ་ཚད་ལྡན་དང༌། དེ་ཡང་གཞི་རིམ་མང་ཚོགས་ཁྲོད་དུ་མང་གཙོ་དངོས་སུ་ལག་བསྟར་ཐུབ་ཐབས་བྱ་རྒྱུ་འདི་སྤྱི་འཐུས་ལྷན་ཚོགས་ལ་དམིགས་བསལ་ཁུར་དུ་འཁྲི་བའི་ལས་འགན་ཞིག་ཡིན་སྟབས། སྔ་ལོ་ནས་བོད་མིའི་སྡོད་སྒར་ཡོངས་སུ་འབྲེལ་མཚུངས་སྤྱི་འཐུས་སྔ་རྗེས་ཆེད་བསྐྱོད་ཀྱིས་ཆབ་སྲིད་སློབ་གསོ་དང༌། ས་གནས་འཐུས་མིའི་ཚོགས་འདུ་ཁག་འཛུགས་ཐབས་ཞུ་རྒྱུ། དེ་མཚུངས་རྒྱ་བལ་འབྲུག་གསུམ་གྱི་བོད་མིའི་གཞིས་སྒར་ཁག་ནས་ན་གཞོན་འཐུས་མི་ཆེད་བསྐོངས་ཀྱིས་ཆབ་སྲིད་སྦྱོང་བརྡར་སྔ་རྗེས་སོགས་ཞུས་པ་མ་ཟད། ད་དུང་མ་འོངས་པར་གཞི་རིམ་མང་ཚོགས་དང་འབྲེལ་ལམ་ཆེར་གཏོང་གིས་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་མང་གཙོའི་ཆ་རྐྱེན་རྣམས་མང་ཚོགས་ཀྱི་ནང་དངོས་སུ་ལག་བསྟར་ཐུབ་ཐབས་ལ་འབད་རྩོལ་སྒོ་གང་ས་ནས་ཞུ་འཆར་ལ། ལས་དོན་འདི་དག་གི་ཐོག་མང་ཚོགས་ཀྱི་མཐུན་འགྱུར་དང༌། རྒྱབ་སྐྱོར་མཉམ་རུབ་སྔར་ལས་ལྷག་པ་ཡོང་བའི་རེ་འདུན་དང་འབོད་སྐུལ་ཞུ་རྒྱུ་ཡིན།

མང་གཙོའི་ཁྱད་གནད་གཙོ་བོ་ནི། ཡུལ་མི་ཡོངས་ལ་ཁམས་ཀྱི་རིགས་ནུས་ལ་ལྟོས་པའི་འདྲ་མཉམ། གཞན་གྱི་ཐོབ་ཐང་ལ་ལྟོས་པའི་རང་དབང༌། གཤིས་ལུགས་ཀྱི་ཁྲིམས་ལ་ལྟོས་པའི་དྲང་བདེན། བྱམས་བརྩེའི་སྙིང་པོ་ཅན་གྱི་སྤུན་གྲོགས་ཀྱི་འདུ་ཤེས་བཅས་བསྒྲུབ་དགོས་རྒྱུ་དེ་ཡིན་ཞིང༌། དེ་ཡང་ཡུལ་མིའི་ཤེས་རིག་དང༌། རྣམ་དཔྱོད་ལ་རག་ལུས་པར་སོང༌། བོད་ཕྱི་ནང་གང་སར་ཤེས་ཡོན་ཡར་རྒྱས་གཏོང་ཐབས་ལ་མང་ཚོགས་ཀྱི་གོ་རྟོགས་དང༌། སེམས་ཁུར་ཆེན་པོ་ཞིག་རྒྱུན་བཅང་དགོས་ཀྱི་འདུག

བར་སྐབས་ཐེ་ཝན་སྲིད་གཞུང་གིས་བོད་མིར་འབྲེལ་ལམ་བྱེད་ཕྱོགས་ཀྱི་དབང་གིས་བོད་མིའི་སྤྱི་ཚོགས་ནང་སེམས་ལ་གཟན་པའི་རྙོག་འཛིངས་མང་དག་ཅིག་ཡོད་པ་དེ་ལྟར་ཡང༌། ཉེ་ཆར་བོད་ཐེ་སྲིད་གཞུང་གཉིས་དབར་ཐད་ཀའི་འབྲེལ་ལམ་བསྐྱར་གསོ་བྱ་རྒྱུའི་གནས་ཚུལ་ཞིག་བྱུང་བའི་སྐོར་ལའང་སྤྱི་འཐུས་ལྷན་ཚོགས་ཀྱིས་བློ་གྲོས་ཞིབ་བསྡུར་གྱིས་ལམ་སྟོན་གྲོས་ཆོད་གསལ་པོ་བཞག་ཡོད་པའི་འབྲུ་དོན་འགལ་མེད་ཀྱི་ཐོག་ནས་ལས་དོན་ལག་བསྟར་ཡོང་བའི་རེ་འདུན་ཞུ་བཞིན་ཡོད། ལར་ནས་རྒྱ་ནག་གཅིག་འཛིན་གྱི་ལྟ་བ་ལ་བརྟེན་པའི་སྲིད་བྱུས་ལ་གཞི་རིམ་གྱི་འགྱུར་བ་ཞིག་མ་བྱུང་བའི་བར། བོད་ཐེའི་འབྲེལ་ལམ་བཟང་པོ་ཞིག་ཡོང་རྒྱུ་སྐུ་ངལ་ཆེ་གཞི་ཡང༌། ལེགས་ཕྱོགས་སུ་རེ་གོམ་སྔོན་སྤོས་མཛད་རྒྱུ་དགེ་མཚན་ལས་མ་འདས། ད་ལམ་བོད་ནས་སྤུན་ཟླ་མི་ཉུང་བ་ཞིག་ྋགོང་ས་ཆེན་པོའི་ཞལ་དཀྱིལ་དངོས་མཇལ་གཙོ་བོར་བཟུང་སྟེ་གཉེན་འཕྲད་དུ་ཕེབས་འབྱོར་རྣམས་ལ་འཚམས་འདྲི་ཞུ་བ་དང་ཆབས་ཅིག་གོ་སྐབས་འདི་བརྒྱུད་འབོད་སྐུལ་ཐུང་ཙམ་ཞིག་ཞུ་རྒྱུར། ང་ཚོའི་གཞིས་ལུས་སྤུན་ཟླ་རྣམས་ལ་འགྲོ་བ་མིའི་ཐོབ་ཐང་ཙམ་མེད་པར་བཙན་འོག་ཏུ་ཚུད་ནའང་རང་གི་རྒྱལ་ཁབ་དང༌། མི་རིགས་དོན་དུ་བཙན་འཇིགས་ལ་ཇི་མི་སྙམ་པར་རྒྱལ་གཅེས་ལྷག་བསམ་ལྡན་ལ་སྙིང་སྟོབས་ལྕགས་ལས་སྲ་བའི་གོ་ཆ་བཟུང་སྟེ་ཞི་རྒོལ་གྱེན་ལངས་ཀྱི་མེ་ལྕེ་མུ་མཐུད་འབར་དང་འབར་བཞིན་པ་དེ་དག་རང་བཞིན་འཇོམས་བྱེད་ཀྱི་ཐབས་ཤེས་སུ་ཕ་རོལ་པོས་ཆབ་སྲིད་ཀྱི་འཁྲབ་སྟོན་གསར་པ་ཞིག་བརྩམས་ཏེ། དེང་དུས་བོད་ནང་ཡར་རྒྱས་དང་རང་དབང་ཡོད་ཚུལ་μུན་བསྒྲགས་ཤུགས་ཆེ་ཞིག་བྱས། དོན་དངོས་པོའི་ཐོག་བོད་མིའི་མིག་དང༌། རྣ་བ་ཡ་གཅིག་བཀབ་སྟེ་བོད་མི་རང་ཉིད་ཀྱི་མི་རིགས་དང༌། རིག་གཞུང༌། ཆོས་དང༌། གོམས་སྲོལ་བཟང་པོ་བཅས་གཅེས་འཛིན་བྱ་རྒྱུའི་བསམ་བློ་སྣང་མེད་རང་ཡལ་དུ་གཏོང་རྒྱུའི་ཐབས་ལམ་དུ་བོད་མི་རྣམས་ལ་མྱོས་བྱེད་ཆང་རག་དང༌། རྒྱན་རྩེད་སོགས་འཆལ་སྤྱོད་ཁོ་ནས་དུས་འདའ་བའི་བག་གཡེང་ལ་མགོ་བོ་འཁོར་དུ་བཅུག གཅིག་ཤོས་སུ་རྒྱ་ནག་ནས་རྒྱ་མི་ཁྱོན་ཆེ་བོད་ནང་གཞིས་ཆགས་སུ་སིམ་འཛུལ་བྱས་དང་བྱེད་བཞིན་པ་བཅས་གང་ལྟར་བོད་ཡུལ་རྒྱ་ཡུལ་དུ་བསྒྱུར་རྒྱུའི་ངན་གཡོའི་སླུ་བྲིད་ཡིན་པ་གསལ་པོར་རྟོགས་དགོས་པར་བརྟེན། དུག་རྩའི་ས་བོན་གྱི་སྲིད་བྱུས་ལ་མགོ་བོ་ནམ་ཡང་མ་འཁོར་བར་སྤྱང་གྲུང་གཟབ་གཟེང་གིས་རང་ཚུགས་བརྟན་པོར་གནས་དགོས་པའི་གཞིས་ལུས་སྤུན་ཟླ་ཚོར་གནད་དོན་གསེད་འགྲོལ་གྱི་ལན་བརྡ་འཕྲོད་པ་གནང་རོགས་གནང་ཞེས་དམིགས་བསལ་འབོད་སྐུལ་ཞུ་རྒྱུ།

མཐའ་དོན། གཞིས་བྱེས་བོད་མི་ཡོངས་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད། འཇིག་རྟེན་ཞི་བདེའི་དེད་དཔོན། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ྋཞབས་པད་ཁྲི་ལོར་བརྟན་ཅིང༌། ཐུགས་ཀྱི་བཞེད་དོན་ལྷུན་གྱིས་འགྲུབ་པ་དང༌། རིང་པོར་མི་ཐོགས་པར་བོད་རང་དབང་གི་བདེན་མཐའ་མྱུར་དུ་གསལ་ཏེ། གཞིས་བྱེས་ངོ་འཛོམས་ཀྱི་སྐལ་བཟང་དགའ་སྟོན་གྱི་དཔལ་ལ་སྤྱོད་པའི་སྨོན་འདུན་ཞུ་རྒྱུ་ཡིན། ༡༩༩༡ ཕྱི་ཟླ་ ༣ ཚེས་ ༡༠ ཉིན།