སློབ་སྟོན་པ།

༄༅། །ཕྱི་ལོ་༢༠༡༤ཟླ་༡༡ཚེས་༥ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དགུང་གྲངས་༧༥ཕེབས་པའི་སྐུའི་འཁྲུངས་སྐར་དང་བསྟུན་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་ནས་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་མཚན་ཐོག་དྲྭ་གནས་འདི་བཞིན་བོད་ཀྱི་རིག་གཞུང་དང་སྐད་ཡིག ལེགས་བྱང་སོགས་སྲུང་སྐྱོབ་དང་དར་སྤེལ་གྱི་ལས་གཞིའི་འོག་གསར་བསྐྲུན་བྱས་ཡོད་ཅིང་། དྲྭ་གནས་འདིའི་ནང་གང་ཉིད་ཀྱི་གསུང་རྩོམ་དང་། གསུང་བཤད། དེ་བཞིན་མཛད་འཕྲིན་སོགས་ཀྱི་གནས་ཚུལ་ཁག་ཚད་ལྡན་དང་ཚགས་ཚུད་ཡོང་ཆེད་རིན་པོ་ཆེ་མཆོག་གི་དགོངས་བཞེད་ལ་ཐུགས་རྒྱུས་ཆེ་བའི་སྐུའི་སྒེར་དྲུང་འབུམ་རམས་པ་བསྟན་འཛིན་དོན་ཡོད་མཆོག་དང་། དེ་བཞིན་རིན་པོ་ཆེ་མཆོག་གི་སློབ་མ་དང་གསུང་ཆོས་སྐབས་སུ་ཨིན་ཡིག་གསུང་སྒྱུར་བ་དགེ་བསྙེན་ཨཱཅཱརྱ་ཟླ་བ་དོན་གྲུབ་རྣམ་གཉིས་ལ་དུས་ནས་དུས་སུ་སློབ་སྟོན་དང་གཟིགས་ཞིབ་གནང་རོགས་ཞུས་པ་བཞིན་ཁོང་གཉིས་ཀྱིས་ཀ་ཀོར་མེད་པར་ཞལ་བཞེས་གནང་སོང་བར་ཐུགས་རྗེ་ཆེ་ཞུ།

Dr. Tenzin Dhonyoeབསྟན་འཛིན་དོན་ཡོད་ལགས་ནི་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་ནས་རིམ་བཞིན་སློབ་དཔོན་འཛིན་རིམ་དང་། འབུམ་རམས་པ་བཅས་ཐོན། གཙུག་ལག་སློབ་ཁང་གི་ཉམས་ཞིབ་སྡེ་ཚན་ནང་ཕྱག་ལས་གནང་ཞོར་པར་སྐྲུན་སྡེ་ཚན་གྱི་འགན་འཛིན་མ་ཟད། དགེ་རྒན་ཡང་གནང་། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ལས་རིམ་གསར་ཤོག་གི་ཞུ་སྒྲིག་པ་ལོ་མང་གནང་མྱོང་དང་། སློབ་དཔོན་ཟམ་གདོང་རིན་པོ་ཆེའི་མ་འོངས་བོད་ཀྱི་བསམ་པའི་འཆར་སྣང་ཞེས་པ་ཨིན་ཡིག་ནས་བོད་བསྒྱུར། བདག་ཉིད་ཆེན་པོ་གཾནྡཱིའི་གསུང་རྩོམ་གཅེས་བཏུས་ཞེས་པ་ཧིན་ཡིག་ནས་བོད་བསྒྱུར། བདག་ཉིད་ཆེན་པོ་གཾནྡཱིའི་རྒྱ་གར་རང་དབང་ཞེས་པ་ཧིན་ཡིག་ནས་བོད་བསྒྱུར། སློབ་དཔོན་ཟམ་གདོང་རིན་པོ་ཆེའི་གསུང་རྩོམ་དང་གསུང་བཤད་ཕྱོགས་བསྡུས་ཀྱི་དེབ་ཕྲེང་དྲུག་གི་ཕྱོགས་སྒྲིག་པ་དང་ཞུ་སྒྲིག་པ་བཅས་སོགས་གནང་ཡོད་པ་རེད།

DDhondupཨཱཅརྱ་ཟླ་བ་དོན་གྲུབ་ལགས་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་ནས་སློབ་མཐར་ཕྱིན་རྗེས། དགོན་སྡེ་ཁག་གི་སློབ་གཉེར་བ་རྣམས་ལ་ནང་དོན་རིག་པ་ཡིག་སྒྱུར་བྱེད་པའི་ཐབས་ལམ་སློབ་ཁྲིད་གནང་། ཕྱི་ལོ་ ༡༩༨༧ ནས་བཟུང་ཨོས་ཀྲེ་ལི་ཡར་གནས་སྡོད་ཀྱིས་ནང་ཆོས་ཡིག་སྒྱུར་དང་། དགེ་རྒན། རྩོམ་འབྲི་སོགས་ཀྱི་ཕྱག་ལས་གནང་བ་མ་ཟད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཡུལ་དེར་ཆིབས་བསྒྱུར་གནང་ཐེངས་ ༤ རིང་གསུང་སྒྱུར་གྱི་ཕྱག་ལས་གནང་། ཕྱི་ལོ་ ༢༠༡༤ ལོར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་གསུང་ཆོས་གནང་སྐབས་ཁོང་གིས་དབྱིན་སྐད་དུ་གསུང་བསྒྱུར་ཞུས་གནང་ཡོད།