སྔོན་གླེང་།

༄༅། །ནམོགུརུབྷཡ། པད་དཀར་འཛིན་པའི་ཐུགས་རྗེའི་འོད་རླབས་ཀྱིས། །མ་ལུས་འགྲོ་བའི་རྨོངས་མུན་ཡོངས་བསལ་ཏེ། །ཚེ་རབས་འཁྱུད་མོའི་སྡུག་ཀུན་རྒྱུན་བཅད་ནས། །དབང་ཕྱུག་རྒྱལ་བའི་ས་ལ་འགོད་པར་མཛོད། །པད་འདབ་བཞིན་དུ་བློ་རིག་རྣམ་བཀྲ་ཞིང༌། །མ་སྨད་ལྷག་བསམ་སྦྲང་རྩིའི་བཅུད་ལྟར་མངར། ཚེ་དང་བསོད་ནམས་རྣམ་འབྱེད་ཤེས་རབ་སོང༌། །དབང་ཕྱུག་ཕུན་སུམ་ཚོགས་པའི་དཔྱོད་ལྡན་དེས། །པད་དཀར་འཆང་བའི་གདུལ་ཞིང་གངས་ལྗོངས་ཀྱི། །མ་བཅོས་ལྷུག་པར་བརྗོད་པའི་དངོས་བྱུང་གཏམ། །ཚེ་འདིའི་སྣང་ཤེས་གཞོམ་པའི་སྐུལ་མ་རུ། །དབང་པོ་ཚིམ་བྱེད་སྙན་ཚིག་བདུན་རྩིར་བསྒྲུབས། །དེ་ལ་བློ་དམན་བཟང་པོའི་མིང་ཅན་གྱིས། །ཡང་དག་བསྟན་དོན་འཛིན་སླད་དཔྱད་པ་ན། །སྡེབ་སྦྱོང་པད་འདབ་མ་རྙིང་ལེགས་བཀྲ་བ། །མཐོང་བའི་ཚེ་ན་དབང་མེད་ཡིད་རབ་འཕྲོག དེ་ཡང་སྤྲང་སྨྱོན་གང་བྱུང་རོ་སྙོམ་དུ་འབོད་པ་བདག་གངས་ཅན་བོད་ཀྱི་ས་མཐར་སྐྱེས་པའི་བོད་རིགས་བཀྲུས་པས་མ་དག་པ་ཞིག་ཡིན་སྟབས། བོད་ཀྱི་བདེ་སྡུག་གི་གནས་ཚུལ་ཉན་པ་ལ་ངམ་ངམ་ཤུགས་ཤུགས་ཀྱིས་འཇུག་པ་ནི་སྔོན་གོམས་སྲེད་པའི་བག་ཆགས་མཐུག་པོས་བདས་པ་གདོན་མ་འཚལ་རུང༌། རང་ཉིད་ཆོས་ལུགས་ཀྱི་ཕྱོགས་རིས་དང་ལུང་ཚན་གྱི་ཆགས་སྡང་མ་འབྱོར་པས་མི་གྲལ་ནས་བུད་དེ། མདོ་མེད་སྲང་བར་དུ་མྱུལ་བའི་ཁྱི་གྲལ་བསྙེགས་ཀྱང༌། དལ་བ་དོན་ལྡན་དུ་བགྱིད་པའི་ལྷ་གྲལ་མ་ཐོབ་པས། ཁྱེད་ཀྱི་ཆེད་དུ་བྱ་བའི་ཉན་པ་པོ་གསུམ་ཚན་བདུན་གྱི་ཁོངས་སུ་མ་གཏོགས་མོད། བྱུས་མེད་བྱུང་འཁྲིའི་ངང་ཚུལ་དུ་མིག་རྣའི་དབང་པོ་རང་ཤུགས་ཀྱིས་གཏོད་ཐལ་བ་དེའི་ཚེ། ཁྱེད་ཀྱི་ཚེ་གང་སྐྱིད་སྡུག་གི་གནས་ཚུལ་དེ་དག་རྗེ་བཙུན་མི་ལའི་རྣམ་ཐར་བཞིན་རེས་འགའ་དགོད་བྲོ་བ་དང༌། རེས་འགའ་ངུ་བྲོ་བ་ཞིག་འདུག་ལ། བཤད་ཚུལ་ཡང་གནའ་དེང་བོད་ཀྱི་རྩོམ་རིག་སྤྱི་འགྲོས་ལས་ཟུར་དུ་ཐོན་ཏེ་ཁེར་འགྲོས་འཐེན་པོར་བསྐྱོད་པ་ཞིག་འདུག་སྟབས། རྗེ་གུང་ཐང་པས། འབྲུག་པ་ཀུན་ལེགས་བཞིན་བཤད་ན། མཐོས་རྒྱག་དམས་རྒྱག་ལ་གཏོང་ངོ༌། །གེ་སར་སྒྲུང་གླུ་ལ་ཉན་བཞིན། དགའ་མདོག་སྡུག་མདོག་རེ་གྱིས་དང༌། ཞེས་གསུངས་པའི་ཚིག་དོན་ཡིད་ལ་ལྷ་མ་མེར་འཁོར་ཞིང༌། དགའ་སྡུག་གི་རྣམ་རིག་སྦས་དཀའ་ཙམ་བྱུང༌། གནའ་བོའི་རྙིང་ཞེན་དང༌། དེང་རབས་ཀྱི་ཡར་ཐོན་གཉིས་ཀ་མེད་པའི་བོད་སྐྱེས་ཀྱི་བོང་རྒན་ལས་ཀྱིས་བསྐོས་པའི་བྱ་བའི་ཁུར་གྱིས་སྒལ་པ་རྨ་རུལ་དུ་སོང་བ་བདག་གི་རྣ་བར་སྲོལ་རྒྱུན་དང་དེང་རབས་ཀྱི་སྙན་ཚིག་གསེར་དང་བྱེ་མ་གང་བླུག་ཁྱད་པར་མི་འདུག་རུང༌། དོན་གྱི་བྲོ་བ་མངར་ཞིང༌། ཚིག་གི་ལོ་འདབ་གཞོན་པའི་ བྱབྱང་ནི་བོད་ཡིན་བྱབྱ ཞེས་པའི་བེའུ་བུམ་གྱི་ལ་ཕུག་གསོས་པ་འདི་མཐོང་བ་ན་དགའ་བ་དང་རེ་བའི་འགྲམ་ཆུ་དབང་མེད་དུ་ལྡང༌།
དེའི་རྩོམ་པ་པོས་ཁ་བོར་སྔོན་བརྗོད་ཅིག་འབྲི་དགོས་རེ་སྐུལ་བྱུང་བའི་སྐབས། སྔ་མོ་ཞིག་ན་མཆེད་གྲོགས་ཤིག་གིས་ངེད་ལ་ཆེད་རྩོམ་ཞིག་སྐུལ་སྐབས། ལས་བྲེལ་ལྷན་དུམ་མང་བརྩེགས་བེམ་པོའི་འོག །སྒྱིད་ལུག་གཉིད་ཀྱིས་རྣོན་པའི་རྒད་པོ་ལ། རྩོམ་ཡིག་གར་སྟབས་འཁྱུག་པོར་བསྒྱུར་དགོས་བཀའ། །ཉ་མོར་བལ་ཁྲལ་འགེལ་བའི་ཚུལ་དུ་སོང༌། །ཞེས་བརྗོད་པ་སླར་དྲན་ཞིང༌། དེ་སྔའང་ལེགས་བཤད་ཀྱི་གླེགས་བམ་མི་ཉུང་བ་ཞིག་ཁོ་བོའི་སྔོན་གླེང་ལ་བསྒུགས་ཏེ་པར་དུ་མ་ཐོན་པ་དང༌། པར་སྐྲུན་དུས་འགྱངས་སོང་བ་དེ་དག་གི་དཀར་ཆག་གི་ཕྲེང་བའི་ནང་འགངས་ཅན་གྱི་གླེགས་བམ་འདི་ཡར་སྣོན་དུ་དྭོགས་པས་སྐྱི་གཡའ་བ་ཞིག་བྱུང༌། ཁྱད་དུ་འཕགས་པའི་ལེགས་བཤད་འདི། གསུམ་ཚན་བདུན་གྱི་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་བསྟར་རྒྱུའི་ཟླ་གྲངས་མང་ཙམ་ཞིག་འགྱངས་པ་ནི་ཁཽ་བོས་ལན་པ་ཡིན་པས་བཟོད་པར་གསོ། མཐོལ་ལོ་བཤགས།
ཉི་ཟླའི་འོད་ལ་སྒྲོན་མེས་གསལ་འདེབས་དང༌། བཙོ་མའི་གསེར་ལ་མཐིང་གིས་མདོག་འདོན་མི་དགོས་ཞེས་གནའ་བོའི་བོད་ཀྱི་གཏམ་དཔེར་ཡོད་པ་ལྟར་པུར་རྒྱལ་བོད་ཀྱིས་རང་གི་བྱུང་བ་ལྷུག་པོར་བརྗོད་པའི་བདེན་གཏམ་སྙིང་གི་འབོད་སྒྲ་རང་བྱུང་རྡོ་རྗེའི་གླུ་ལ་སྔོན་བརྗོད་ངོ་སྤྲོད་ཀྱི་དགོས་པ་མ་མཆིས་ཀྱང༌། རྒྱལ་བའི་གསུང་ལ་སྡུད་པ་པོས་གླེང་གཞི་སྦྱར་བའི་གནའ་རབས་དང༌། དཔེ་དེབ་པར་འདེབས་བྱེད་ཚད་ལ་སྔོན་གླེང་ངམ། ངོ་སྤྲོད། ཡང་ན་ཆེད་བརྗོད་ལྟ་བུ་རེ་ངེས་པར་ཡོད་དགོ་སཔའི་དེང་རབས་གཉིས་ཀ་དང་མཐུན་པར་ཆེད་བརྗོད་མདོར་བསྡུས་ཤིག་བྲིས་ཀྱང་འགལ་བ་མ་མཐོང༌།
ཆེད་དུ་བརྗོད་པ།
ཨེ་མ་མ་ལ། བརྡ་སྤྲོད་པའི་གཞུང་དུ། ནི་ནི་དགར་དང་བརྣན་པའི་སྒྲ། ཞེས་ནི་སྒྲ་དཀར་བརྣན་གང་རུང་ལ་འཇུག་པར་བཤད་ཀྱང༌། བྱབྱང་ནི་བོད་ཡིན་བྱབྱཞེས་པའི་སྐབས་ཀྱི་ བྱབྱནི་བྱབྱ སྒྲ་ནི་དགར་བརྣན་གཉིས་ཀར་འཇུག་པར་མཐོང་སྟེ། ཐུན་མོང་མ་ཡིན་པའི་ཁྱད་ཆོས་མང་པོས་བོད་ནི་སའི་དཀྱིལ་འཁོར་འདིའི་སྟེང་གི་ཡུལ་ལུང་གཞན་ལས་ཧ་ཅང་གི་ཁྱད་ཞུགས་པ་ཞིག་ཡིན་པར་ཟུར་དུ་བཀར་ནས་བསྟན་པས་དགར་བ་དང༌། འདི་ཉིད་ཁོ་ན་མི་རིགས་དང་མངའ་རིས་གང་གི་ཆ་ནས་འབུར་དུ་དོད་པའི་རྒྱལ་ཁབ་བྱེ་བྲག་པ་ཞིག་ཡིན་པར་ནན་དུ་བརྣན་ནས་བརྗོད་པས་བརྣན་པའི་སྒྲའང་ཡིན། ལར་ནས་དགར་བརྣན་གྱི་དོན་གང་ལ་སྦྱར་རུང༌། དེའི་འཇུག་ཡུལ་གྱི་ བྱབྱང་བྱབྱ ནི་བདག་དང་གང་ཟག་དང་རྣམ་གྲངས་པར་སོང་བའི་སྐྱེས་བུ་བྱེ་བྲག་པ་ཞིག་མཚོན་ཞིང༌། དེ་འདྲའི་ བྱབྱབདག་བྱབྱ གི་ངོས་འཛིན་ལ་འཁྲུལ་ན་བཅིངས་པ་དང༌། མ་འཁྲུལ་ན་གྲོལ་བར་འགྱུར་བའམ། ཚིག་གཞན་ཞིག་གིས་བརྗོད་ན་འཁྲུལ་ན་གཞན་དབང་དང༌། མ་འཁྲུལ་ན་རང་དབང་ཡིན་པར་ཕྱི་ནང་གི་གྲུབ་མཐའ་སྨྲ་བ་ཀུན་ཞལ་འཆམས་པར་འདུག་པས་རང་ཅིག་གིས་ཀྱང་ བྱབྱབོད་བྱབྱ ཅེས་པའི་སྐྱེས་བུ་བྱེ་བྲག་པ་དེའི་ བྱབྱབདག་བྱབྱ གི་གནས་ལུགས་མ་རྟོགས་པ་དེ་སྲིད་དུ་གཞན་དབང་དང༌། རྟོགས་པ་ན་རང་དབང་དུ་འགྱུར་བའི་ཟབ་གསང་གི་གནད་དེ་ཤེས་པ་ཤིན་ཏུ་གལ་ཆེ། དེའི་སླད་རང་གི་བྱུང་བ་རང་ཉིད་ཀྱིས་བརྗོད་པའི་གཏམ་འདི། འདི་དང་ཕྱི་མ། གཞིས་དང་བྱེས། ཆོས་དང་འཇིག་རྟེན་གང་ས་ནས་གནད་ཆེ་ཞིང་འབྲེལ་ཆགས་པ་ཡིན་པས། དཔེ་དེབ་འདི་བོད་མི་སྤྱི་དང༌། ཁྱད་པར་བྱེས་འབྱོར་བོད་རིགས་ན་གཞོན་རྣམས་ལ་ཤིན་ཏུ་མཁོ་བའི་ཀློག་དཔེ་བཟང་པོ་ཞིག་བྱུང་འདུག བརྗོད་བྱའི་དབང་དུ་བྱས་ན་ས་ཁམས་ཆགས་ཚུལ། སྣོད་བཅུད་ཀྱི་བཀོད་པ། རང་བྱུང་འཐོན་ཁུངས། ཆོས་དང་རིག་གཞུང༌། ཡུལ་གོམས་གཤིས་ལུགས། ཐུན་མིན་ལེགས་བྱང༌། སྤྱི་ཚོགས་དང་དཔལ་འབྱོར། ཁྱད་པར་ཆབ་སྲིད་ཀྱི་འགྱུར་ལྡོག་དང་བཅས་པ་རྒྱས་སྤྲོས་ཀྱིས་འབྱམས་མ་ཀླས་པར། ངོ་བོ་དང་རྐང་གྲངས་ཚང་ཞིང༌། གོ་རིམ་མ་འཁྲུགས་པ་མཐར་ཆགས་སུ་ཚང་ལ་མ་ནོར་བ་བཀོད་འདུག་པ་མ་ཟད། རྗོད་བྱེད་ཀྱི་དབང་དུ་བྱས་ན། ཚིག་གསལ་ཡང་དོན་མ་ནོར་བ། གོ་སླ་ཡང་གྲོས་ཚིག་གིས་མ་བསླད་པ། ཁ་སྐད་དུ་བྲིས་ཀྱང་བརྡ་སྤྲོད་དང་མི་འགལ་བ་བཅས་བསྔགས་འོས་ཕུན་སུམ་ཚོགས་པ་ཞིག་བྱུང་འདུག་ཅིང༌། རྩོམ་འགྲོས་ཀྱང་གནའ་དེང་གི་མཐའ་ལ་མ་ལྷུང་བར། སྲོལ་རྒྱུན་གྱི་ལུས་ཟུངས་བཟང་པོར་གསར་གཏོད་ཀྱི་རྒྱན་དང་ལྡན་པ། རང་བཞིན་གཙོ་བོར་བརྗོད་ཀྱང་དཔེ་གཟུགས་ཡལ་བར་མ་དོར་བ། དྲང་པོ་འབའ་ཞིག་བརྗོད་ཀྱང་འཁྱོག་བརྗོད་ཀྱི་ཉམས་འགྱུར་མ་ཉམས་པ། བཅད་ལྷུག་སྤེལ་མར་གནས་པས་ཉན་པ་པོའི་ངལ་བ་སངས་པ་སོགས་མཁས་བླུན་ཀུན་ལ་འཚམས་ཤིག་ཀློག་པ་པོའི་ཡིད་དབང་འཕྲོག་པར་སྣང༌། སྤྱིར་ངག་རྒྱན་ཞེས་པ་སྐྱེས་བུའི་རྣམ་རྟོག་དང་མཚུངས་པར་མཐའ་ཀླས་ཤིང་མཚམས་གཟུང་མི་ནུས་པ་ནི་གནའ་རབས་བོད་མིས་གཙིགས་སུ་འཛིན་པའི་དཎཌིའི་གཞུང་ལས་ཀྱང༌། འདི་ནི་ད་ལྟའང་རྣམ་རྟོག་སྟེ། །དེ་དག་མ་ལུས་སུས་འཆད་ནུས། །ཞེས་བཤད་ན། རྩོམ་རིག་ནི་ཉམས་འགྱུར་ལྡན་ཞིང༌། བརྗོད་བྱ་སྟོན་ཤུགས་ཐོན་པ་ཞིག་བྱུང་བས་ཆོག་པས། འདི་ལ་རིག་གནས་གཞན་ལྟར་གནའ་ལུགས་དང་གསར་གཏོད། སྲོལ་རྒྱུན་དང་དེང་རབས་ཀྱི་ལེགས་ཉེས་དཔྱོད་པའི་དགག་སྒྲུབ་ཀྱི་དགོས་དོན་ཆུང༌།
ཚོར་སྣང་གི་ཉམས་འགྱུར་རྣོ་བའི་དྲན་གླུ་དང༌། མྱ་ངན་ཉམས་ཀྱིས་བཅིངས་པའི་སྡུག་ཏམ། བོད་མི་ཕལ་མོ་ཆེའི་མཚང་ཐོག་ཏུ་འབབ་པའི་དྲི་བ། བྱས་པ་དྲིན་དུ་ཚོར་བའི་ལེགས་སོ། མཐའ་བྲལ་དབུ་མའི་ལམ་གྱི་སྲིད་བྱུས། བོད་མིའི་མེ་ཏོག་ཕོག་པའི་ལྷ་སྐལ། ཐུན་མིན་ཆོས་སྲིད་ཟུང་འབྲེལ་གྱི་རྣམ་གཞག ཕུགས་དམིགས་ཀྱི་འཆར་སྣང་གསལ་བའི་རེ་འདུན་སོགས་བོད་དང་བོད་མིར་འབྲེལ་བ་གཏིང་ཟབ་ཡོད་པའི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་སྣང་མེད་དུ་འཇོག་ཐབས་མེད་པ་རྣམས་ཀྱི་ཐོག་ཀ་ཀོར་རྒོད་པོའི་ལྡིང་སྐོར་ལྟར་མ་ཡིན་པར། སྲིད་སྒྲུབ་ཉག་ཕྲན་འཕེན་པའི་ལུགས་སུ་རྣག་ཐོག་གཙག་འཁེལ་བྱུང་འདུག
གཞན་ཡང་གནའ་དུས་བོད་དུ་ལྷ་སའི་སྲང་བར་གྱི་མི་མང་དཀྱུས་མའི་གླུ་གཞས་ལ་སྐབས་དེའི་ཆབ་སྲིད་དང༌། སྤྱི་ཚོགས་ཀྱི་གནས་བབས་ཐོག་མང་ཚོགས་ཀྱི་བསམ་ཚུལ་སྟོན་པའི་བརྒྱུད་ལམ་གལ་ཆེ་ཞིག་ཏུ་བརྩི་སྲོལ་ཡོད་པ་ལྟར། བར་སྐབས་གཞིས་བྱེས་བོད་མི་མང་ཚོགས་ཁྲོད་ཀྱི་གླུ་གཞས་ཇི་སྙེད་ཅིག་བྱུང་བ་ནས་མི་ཉུང་ཞིག་དྲངས་ཏེ་ཁ་ངག་ཙམ་དུ་གནས་པའི་གཞས་ཚིག་དོན་ལྡན་མང་པོ་ཡིག་རིས་སུ་བཀོད་དེ་རྒྱུན་གནས་ཐུབ་པར་བྱས་པའང་ལེགས་ཚོགས་ཀྱི་གནས་སུ་ཆེ།
འཕགས་ཡུལ་བ་རྣམས་ཀྱིས་རྩོམ་རིག་སྤྱི་ཚོགས་ཀྱི་བཞིན་རས་ལྟ་བའི་མེ་ལོང་དུ་འདོད་པ་ལྟར། དཔེ་དེབ་འདི་བོད་མིའི་སྒོ་གསུམ་གྱི་རང་གཟིགས་ལྷམ་མེར་འཆར་བའི་མེ་ལོང་བཟང་པོ་ཞིག་བྱུང་འདུག་པས་བོད་རིགས་བློ་གསལ་ཡོངས་ཀྱིས་རང་གི་བསམ་སྤྱོད་ཀྱི་བཞིན་རས་ལ་ཉེས་པའི་ར་རི་སེལ་བའི་སླད་དུ་ངག་གི་རང་བཞིན་གྱི་མེ་ལོང་འདིར་སྤྱན་རས་ཡུད་ཙམ་ཅི་ནས་གཡོ་བར་མཛོད་ཅེས་ཁོ་བོས་ཐལ་མོ་སྦྱར་བ་ལགས།
ངག་རིག་པད་དཀར་དྲི་མ་མེད་པའི་ཆུན་པོ་པོད་ཁ་མཐོ་ཙམ་ཞིག །ལག་ཏུ་སོན་ཚེ་བདག་བློའི་བུང་བ་དཀའ་བས་མིག་དབང་ཆེར་བགྲད་ཀྱང༌། །བྲེལ་བའི་རླུང་འཚུབ་རྒྱུན་མར་གཡོ་བས་བརྗོད་དོན་སྦྲང་རྩི་མྱོང་སྐབས་འཕྲོག །ཆེད་བརྗོད་གཤོག་སྒྲ་ནམ་ཞིག་ལྡིར་སྙམ་བློ་འཚབ་སྙིང་ལ་རྩུབ་གྱུར་པས། །བརྩོན་ལྡན་གྲོགས་ལ་འདོན་པར་བཅོལ་ཏེ་རྣ་བའི་དབང་པོ་གཏད་ནས་ཉན། །ཚན་པ་འགའ་ཤས་རང་གི་མིག་གི་གློག་བཞུ་སྤར་ནས་རགས་ཙམ་བཀླགས། །དེ་ལྟ་ན་ཡང་བློ་སྒོ་ཕྱེ་སྟེ་བསམ་པའི་ཁོམ་ལོང་མ་བྱུང་བས། །ཁྱོད་ཀྱི་བློ་ཁ་རྫོགས་མིན་མ་ཤེས་འོན་ཀྱང་རང་ཉིད་གཏམ་འདིས་འཚེངས།། ཆེད་བརྗོད་ཚིག་གསུམ་དེའི་ཡང་ཆེད་བརྗོད་མགོ་ལས་རྨ་ཁ་ཆེ་ཙམ་ཞིག །གཅམ་བུའི་ཚུལ་གྱིས་བརྗོད་པར་ཐལ་འདིར་བློ་དང་ལྡན་རྣམས་ཅིས་མི་གཤུང༌། །བསམ་ལོང་མེད་པར་བྱུང་རྒྱལ་སྨྲ་བའི་ངག་ལ་སྲབ་མདའ་མ་མཆིས་པས།། དཀྱུས་ལས་བརྒལ་བའི་འདུར་རྒྱུགས་འདི་ལ་མཁས་རྣམས་ཁྲེལ་བགད་ཅིས་མི་མཛད། །ཅེས་ཀྱང་སྨྲས་སོ། ཇཡཇགཏ྄།།