༈ ཤེས་ཡོན་སྲིད་བྱུས་ཀྱི་ཟབ་སྦྱོང་ཐོག་གསུང་བཤད་གནང་བ།

༄༅།།  ༢༠༡༧ཕྱི་ཟླ་ ༥ ཚེས་ ༢༤ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ཕྱི་དྲིལ་ལས་ཁུངས་ཀྱི་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་ཉིན་གསུམ་རིང་གི་ཤེས་ཡོན་འགན་འཛིན་དང་རྒྱུས་སྟོན་པའི་ཤེས་ཡོན་སྲིད་བྱུས་ཟབ་སྦྱོང་ཐོག་ཉིན་དང་པོར་ཤེས་ཡོན་སྲིད་བྱུས་ཀྱི་སྤྱི་ཡོངས་བྱེད་སྒོ་ལམ་སྟོན་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་འདུག

དེའང་ཐོག་མར་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ནས་ངོ་སྤྲོད་གསུང་བཤད་གནང་རྗེས། སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས།གཞི་རྐང་བོད་མི་རིགས་དེ་མི་རིགས་གཞན་ལས་ཟུར་དུ་དབྱེ་བ་ཕྱེ་ཐུབ་པ་དང་། མི་རིགས་ཀྱི་གནས་བབ་མཚོན་ཐུབ་དགོས་ན་ཤེས་ཡོན་དང་ལེགས་བྱང་ཐམས་ཅད་ཀྱི་གཞི་རྩར་གྱུར་པའི་སྐད་ཡིག་དེ་ཕྱོགས་ཐམས་ཅད་ནས་སྲུང་སྐྱོབ་བྱེད་དགོས། ལྷག་པར་དུ་ང་ཚོ་བོད་མི་ཡིན་པའི་མཚོན་བྱེད་མང་པོ་ཡོད་པའི་ནང་ནས་བསྙོན་དུ་མེད་པའམ་ཤིན་ཏུ་གལ་ཆེ་བའི་མཚོན་རྟགས་ནི་སྐད་ཡིག་རེད། སྐད་ཡིག་ཅེས་པའི་སྐད་དེ་རང་བྱུང་གི་གནས་སྟངས་ཤིག་དང་། ཡི་གེ་དེ་སྐད་ལ་བརྟེན་ནས་བཟོས་པ་ཞིག་རེད། ཡི་གེ་ལ་ལྟོས་པའི་བརྡ་སྤྲོད་ཀྱི་འགྲོས་དེ་ཚོའང་རང་བྱུང་གི་སྐད་ཆ་ཤོད་སྟངས་ལ་བརྟེན་ནས་བཟོས་པ་རེད། དེས་ན་ཐོག་མ་སྐྱེས་ཙམ་ཉིད་ནས་རང་བཞིན་དུ་གྲུབ་པའི་སྐད་དེ་མི་རིགས་དེའི་མཚོན་རྟགས་ཡིན་པ་དེ་གསལ་པོ་ཤེས་དགོས། དེ་ནས་མི་རིགས་དེ་གཙང་མ་ཞིག་ཆགས་པར་གཙོ་བོ་བསམ་བློ་གཏོང་སྐབས་རྣམ་རྟོག་གི་བློ་ཐོག་མར་རང་གི་སྐད་ཡིག་ནང་ལ་སྐྱེ་ཐུབ་པ་བྱེད་དགོས་རྒྱུ་དེ་གལ་ཆེ་ཤོས་རེད། རང་སྐད་ཀྱི་ནང་ལ་བསམ་བློ་བཏང་བ་དང་། དེ་ནས་སྐད་ཆ་བཤད་རྒྱུ་དེ་གོ་རིམ་གཉིས་པ་ལྟ་བུ་རེད། གཙོ་བོ་བློ་ཡི་གྱེར་བག་དེ་རང་གི་ཕ་སྐད་ནང་བསྡད་པ་ཞིག་བྱུང་ན། དེ་ནས་མི་དེའི་ལུས་ངག་ཡིད་གསུམ་ག་མི་རིགས་གང་ཡིན་པ་དེ་ཆགས་ཐུབ་ཀྱི་རེད། དཔེར་ན། ལུས་དེ་རང་བཞིན་གྱིས་བོད་མི་རིགས་ཀྱི་ལུས་ཡིན་པ་དང་། དེའི་ནང་ལ་ཡོད་པའི་བསམ་བློ་དེ་བོད་སྐད་ཀྱི་ནང་ལ་བསམ་བློ་གཏོང་མཁན་ཞིག་དང་། སྐད་ཡིག་གཞན་པ་བརྒྱ་ཕྲག་མང་པོ་བསླབ་ཆོག་གི་རེད་དེ། བསམ་བློ་གཏོང་བའི་རྣམ་རྟོག་གི་མཉམ་དུ་འགྲོ་མཁན་གྱི་སྐད་ཡིག་དེ་བོད་སྐད་བྱས་ཏེ། དཔེར་ན། བུམ་པ་ལྟ་བུ་ཡིན་ན་ཐོག་མར་བུམ་པ་ཞེས་བོད་སྐད་ཀྱི་ནང་དུ་བསམ་བློ་འཁོར་ནས་དེ་ཨིན་སྐད་ཀྱི་ནང་དུ་ཕར་བསྒྱུར་ཏེ་ཁ་ནས་ Pot ཞེས་བརྗོད་མཁན་ཞིག་ཆགས་པ་ཡིན་ན་མི་དེ་བོད་པ་བཅོས་མ་མ་ཡིན་པ་ཞིག་ཆགས་པ་རེད། འོན་ཀྱང་ཐོག་མའི་རྣམ་རྟོག་གམ་བསམ་བློ་དེ་ཨིན་སྐད་ཀྱི་ནང་དུ་ Pot ཞེས་འཁོར་བ་ཡིན་ན་མ་འགྲིག་པ་རེད། མི་དེ་ར་མ་ལུག་ཟེར་བ་དེ་ཆགས་ཚར་བ་རེད། ལུས་ངག་ཡིད་གསུམ་རང་བཞིན་གྱི་གནས་བབ་ནང་ལ་མ་བསྡད་པར་བཅོས་མའི་ངོ་བོར་ཆགས་ཕྱིན་པ་རེད། བཅོས་མ་ཡིན་ན་ངོ་མ་དེའི་རིན་ཐང་ལ་བསྡུར་ཐབས་གང་ཡང་མེད།དེར་བརྟེན་ལོ་ན་ཆུང་ཤོས་ཀྱི་གནས་སྐབས་སུ་རང་སྐད་ལ་བག་ཆགས་བཞག་ནས་རང་སྐད་སྦྱང་རྒྱུ་ཧ་ཅང་གལ་གནད་ཆེན་པོ་རེད།

དེང་སང་མང་པོ་ཞིག་གིས་མི་རིགས་ཞེས་བཤད་ཀྱི་ཡོད།  ང་ཚོ་རྒྱ་གར་དུ་སླེབས་མཚམས་ནས་བོད་པའི་སློབ་ཕྲུག་དེ་དག་མ་འོངས་བོད་མི་རིགས་ཀྱི་སོན་རྩ་ཡིན་ཞེས་ཁ་ལ་འཇགས་ཡོད།  དེས་ན་སོན་རྩ་དེ་གཙང་མ་གཞག་དགོས། སོན་དེ་རྫས་བསྒྱུར་བྱས་པ་ཡིན་ན་སྟོན་ཐོག་གསར་པ་སྐྱེ་རྒྱུ་དེའང་རྫས་བསྒྱུར་བྱས་པ་ཞིག་སྐྱེ་རྒྱུ་རེད།  གང་ལྟར་བསྒྱུར་བཅོས་བཏང་བ་ཞིག་སྐྱེས་པ་མ་གཏོགས་གཙང་མ་ཞིག་སྐྱེ་ཐབས་མེད།བོད་མི་རིགས་འདི་མི་རིགས་གཞན་ལས་ཟུར་དུ་དབྱེ་བ་འབྱེད་ཐུབ་པ་དང་།མི་རིགས་ཀྱི་གནས་བབ་མཚོན་ཐུབ་པ་དགོས་ན་ཤེས་ཡོན་དང་ལེགས་བྱང་ཐམས་ཅད་ཀྱི་གཞི་རྩར་གྱུར་པའི་སྐད་ཡིག་འདི་ཕྱོགས་ཐམས་ཅད་ནས་སྲུང་སྐྱོབ་བྱེད་དགོས།  ཕྱོགས་ཐམས་ཅད་ནས་སྲུང་སྐྱོབ་བྱེད་རྒྱུ་དེའང་ལོ་ན་ཆུང་ཤོས་ཀྱི་གནས་སྐབས་ནས་སྲུང་སྐྱོབ་བྱེད་དགོས་པ་གལ་ཆེན་པོ་རེད།  སློབ་ཚན་གང་འདྲ་འཇོག་མིན་དང་། འཛིན་གྲྭ་གང་འདྲ་ཚོགས་མིན།  ཡིག་རྒྱུགས་གང་འདྲ་གཏོང་མིན་སོགས་ཡན་ལག་གི་རྣམ་གྲངས་ལྟ་བུ་རེད།གཙོ་བོ་ནི་ང་ཚོའི་ལྟ་སྟངས་འདི་གལ་ཆེན་པོ་རེད། ཨིན་སྐད་ནང་ Perception དང་Viewpoint ཞེས་བརྗོད།   གལ་ཏེ་ Perception དེ་མངོན་སུམ་ལ་བསྒྱུར་ན་ཁྱབ་ཆུང་དྲགས་པ་རེད།གནས་ཚུལ་ཚང་མའི་ཐོག་ང་ཚོས་ལྟ་སྟངས་ཤིག་གཟུང་དགོས་པ་གལ་ཆེན་པོ་རེད།ལྟ་སྟངས་ཤིག་གཟུང་རྒྱུ་དེ་ང་ཚོའི་གཤིས་ཀ་ལ་འཇགས་དགོས།  དེའི་ཐོག་ཕྱི་ནས་ཤུགས་རྐྱེན་མང་པོ་ཞིག་ཡོང་བཞིན་པའང་བརྗོད་མེད་རེད།དེར་བརྟེན་དེའི་ནང་སྤྱིར་གནད་འགག་ཆེ་བ་མང་པོ་ཞིག་ཡོད་ཀྱང་གཙོ་ཆེ་ཤོས་སློབ་སྦྱོང་གི་དམིགས་ཡུལ་ལ་ལྟ་སྟངས་དང་།སློབ་སྦྱོང་གི་ཐབས་ལམ་ལ་ལྟ་སྟངས།སློབ་ཕྲུག་ལ་ལྟ་སྟངས་བཅས་གསུམ་པོ་གལ་ཆེ་བ་རེད།

སློབ་སྦྱོང་གི་དམིགས་ཡུལ་བསྡོམས་བརྒྱབས་ནས་ཞུ་ན།དེང་རབས་དང་སྲོལ་རྒྱུན་གཉིས་རེད།  དེང་རབས་ཀྱི་ལྟ་སྟངས་ནི་ཤེས་ཡོན་སློབ་སྦྱོང་བྱས་ནས་མི་ཚེའི་ནང་དཔལ་འབྱོར་འདུ་འགོད་ཇི་ཙམ་བྱེད་ཐུབ་མིན་དེ་རེད།གཡོག་རྒྱུགས་ནས་ཕོགས་ཇི་ཙམ་ལེན་ཐུབ་མིན་དང་།  ཕོགས་མཐོ་ཤོས་ལེན་ཐུབ་མཁན་དེ་སློབ་སྦྱོང་གི་གནས་ཚད་མཐོ་ཤོས་སུ་བརྩི།དེར་བརྟེན་སློབ་སྦྱོང་གི་དམིགས་ཡུལ་ལ་ལྟ་སྟངས་ནི་འཚོ་ཐབས་ཀྱི་དོན་དུ་སློབ་སྦྱོང་བྱེད་ཀྱི་ཡོད་དམ།ཡང་ན་མ་རིག་པའི་མུན་པ་བསལ་ནས་མི་དེར་ཤེས་ཡོན་དང་བློ་གྲོས་ལྡན་པ་ཞིག་བཟོ་རྒྱུའི་དོན་དུ་སློབ་སྦྱོང་བྱེད་ཀྱི་ཡོད་པ་གཉིས་པོ་ཧ་ཅང་མི་འདྲ་བ་རེད།ནུབ་ཕྱོགས་སུ་འགྱུར་བ་ཧ་ཅང་འགྲོ་མུས་རེད།  ང་ཚོའི་གནས་ཚང་རྒྱ་གར་ནང་གི་ཤེས་ཡོན་གྱི་དམིགས་ཡུལ་ལ་ལྟ་སྟངས་ནི་གཡོག་རྒྱུག་རྒྱུའི་བསམ་ཚུལ་དེ་རང་རེད།དེ་ནི་ཁག་མེད། མེ་ཀོ་ལེ་ (Macaulay)ཡིས་ཐོག་མར་ཤེས་ཡོན་སྲིད་བྱུས་བཟོ་སྐབས་ནས་པགས་པའི་མདོག་དེ་རྒྱ་གར་བ་མ་གཏོགས། གཞན་བསམ་བློ་གཏོང་སྟངས་དང་། སྐད་ཆ་ཤོད་སྟངས།འདུན་པ་འཁྱེར་སྟངས་སོགས་ཚང་མ་ཨིན་ཇི་རང་ཡིན་པའི་གྲལ་རིམ་གསར་པ་ཞིག་རྒྱ་གར་ནང་བསྐྲུན་དགོས་ཀྱི་འདུག་ཅེས་ཐག་གཅོད་བྱས་ཡོད།འདི་ངས་བྱུང་རྒྱལ་དུ་བཤད་པ་ཞིག་མིན། དེའི་ཐོག་གྲོས་ཆོད་བཞག་ཡོད། མེ་ཀོ་ལེ་ཞེས་པ་དེ་བོད་དུ་གླང་པོ་ཆེ་བཅུ་འཁྲིད་ནས་འགྲོ་གྲབས་བྱས་པའི་གནས་ཚུལ་ཡོད།ཁོང་ནི་རྒྱ་གར་དུ་ཨིན་སྐད་ནང་ཤེས་ཡོན་སྤྲོད་རྒྱུའི་མ་རྩ་ཐོག་མ་འཛུགས་མཁན་དེ་རེད།གལ་ཏེ་དེ་འདྲའི་སློབ་གསོ་ཞིག་སྤྲད་པ་ཡིན་ན་ང་ཚོ་ཨིན་ཡུལ་ནས་འདིར་ཡོང་ནས་དབང་སྒྱུར་བྱེད་མི་དགོས་པར་ཁོང་ཚོར་གླ་ཕོགས་ཡག་པོ་སྤྲད་དེ་ཨིན་ཇིའི་གཞུང་དང་ཨིན་ཇིའི་རྒྱལ་པོའི་མངོན་འདོད་ཡོངས་སུ་རྫོགས་པ་བསྒྲུབ་ཐུབ་ཅེས་བཤད་ཡོད། དེར་བརྟེན་བསམ་བློ་དེ་བྲན་གྱི་བསམ་བློ་རང་རེད།རྒྱ་གར་རང་བཙན་ཐོབ་ནས་ལོ་ ༧༠སོང་ཡང་། ད་དུང་སྐད་ཡིག་དང་བསམ་བློ་གཏོང་སྟངས་ཐོག་ནས་རང་བཙན་ཐོབ་མེད།  རྒྱ་གར་ནང་ད་དུང་ཨིན་ཇིའི་དབང་བསྒྱུར་མུ་མཐུད་གནས་ཡོད་པར་ངོས་འཛིན་བྱེད་ན་མི་འགྲིགས་པ་མེད།དེ་སྔ་ཝཱ་རཱ་ཎ་སཱི་གཙུག་ལག་སློབ་ཁང་ཐོག་མ་གསར་འཛུགས་སྐབས་རྒྱ་གར་གཞུང་གི་མི་ཚོས་སྐད་ཆ་དང་པོ་འདྲི་རྒྱུ་དེ་ནི། འདི་ནས་སློབ་ཐོན་རྗེས་ལས་ཀ་ཅི་ཞིག་ཐོབ།(What is employment perspective?) ཅེས་པའི་དྲི་བ་དེ་རེད།སྐབས་དེར་ངས་ཁོང་ཚོར་ང་ཚོས་འདིར་སྦྱིན་བདག་བཟོ་རྒྱུའི་དོན་དུ་མ་གཏོགས། གཡོག་པོ་བཟོ་རྒྱུའི་ཆེད་དུ་སློབ་སྦྱོང་སྤྲོད་ཀྱི་མེད་ཅེས་བརྗོད་རྒྱུ་བྱུང་།  ང་ཚོ་བཙན་བྱོལ་གྱི་སྤྱི་ཚོགས་དང་།དགེ་རྒན་དང་ཕ་མའི་སྤྱི་ཚོགས།འཛིན་སྐྱོང་གི་སྤྱི་ཚོགས་བཅས་ནང་ཤེས་ཡོན་གྱི་དམིགས་ཡུལ་ནི་མི་ཚེའི་འཚོ་ཐབས་ཆེད་ཡིན་པའི་ལྟ་སྟངས་དེ་ཅམ་བཞག་བྱེད་དགོས། འཚོ་ཐབས་ནི་ཞར་བྱུང་སྐད་ཆ་རེད།གདོད་མའི་མི་དེ་ཚོ་ཡི་གེ་མ་ཤེས་ཀྱང་ལྟོགས་ཤི་ཐེབས་མེད།ཁྱི་དང་དུད་འགྲོ་ལ་མཚོན་ནའང་ལྟོགས་ཤི་ཐེབས་མཁན་ཧ་ཅང་ཉུང་ཉུང་རེད།རྒྱ་གར་གྱི་གཏམ་དཔེར།ཁ་གཅིག་པོ་འདི་ལག་པ་གཉིས་ཀྱིས་གསོ་མི་ཐུབ་པ་མེད་ཅེས་པ་དེ་རེད།  ཆོས་དང་འཇིག་རྟེན་གང་ཡིན་ཡང་ཤེས་རབ་གཙོ་བོ་ཡིན་སྟབས། ཤེས་ཡོན་སྤྲོད་རྒྱུ་འདི་ཤེས་རབ་ཡར་རྒྱས་གཏོང་རྒྱུའི་ཆེད་རེད།  དེར་བརྟེན་ཤེས་ཡོན་གྱི་དམིགས་ཡུལ་ལ་ལྟ་སྟངས་འདི་མ་ནོར་བ་བྱ་རྒྱུ་གལ་ཆེན་པོ་རེད།གལ་འགངས་ཆེ་ཤོས་ནི་ལྟ་གྲུབ་ཀྱི་ཆ་ནས་ཕུགས་དམིགས་འཛིན་ཚུལ་དེ་ཡིན།

སློབ་སྦྱོང་གི་དམིགས་ཡུལ་ནི་མ་ཤེས་པ་ཤེས་པ་བཟོ་རྒྱུ་ལས་འཚོ་ཐབས་ཆེད་དུ་མིན་པ་དང་།སློབ་སྦྱོང་སྤྲོད་སྟངས་དེའང་གནས་ཚུལ་མཁོ་སྤྲོད་བྱ་རྒྱུ་གཙོ་བོ་མིན་པར།སློབ་མ་རང་ངོས་ནས་གནས་ཚུལ་རྣམས་བརྟག་དཔྱད་བྱས་ནས་ཤེས་ཐབས་བྱ་རྒྱུ་དེ་ཡིན། ལྷག་པར་དུ་སློབ་ཕྲུག་ལ་ཁྲོམ་རྭའི་ནང་བཙོང་རྒྱུའི་རྒྱུ་ཆ་ཞིག་ལ་བལྟ་རྒྱུ་མེད་པར་འགྲོ་བ་མིའི་འདུ་ཤེས་ངེས་པར་དུ་འཛིན་དགོས།དེ་ནས་ཤེས་པ་དང་ཆ་བཞག་པ་གཉིས་ལ་དབྱེ་བ་འབྱེད་དགོས། ཆ་བཞག་པ་ནི་སོ་སོས་ཤེས་མེད། ཐོས་བསམ་བསྒོམས་གསུམ་གྱི་ཤེས་རབ་དང་རིགས་པ་བཞིའི་སྒོ་ནས་ཤེས་ཐབས་རྣམས་ལག་བསྟར་དགོས།

སློབ་སྦྱོང་གི་ཐབས་ལམ་ལ་ལྟ་སྟངས་དེ་བྱ་དགའ་དང་ཉེས་ཆད་དམ་མཚུངས་བསྡུར་དང་འགྲན་བསྡུར་གྱི་ལམ་ནས་མིན་དགོས།

དགེ་རྒན་ལ་ལྟ་སྟངས་ནི་དབང་ཆ་ཆ་ཚང་ཡོད་པའི་ལམ་སྟོན་པའམ་དགེ་ཕྲུག་ལ་བཀའ་གཏོང་མཁན་མིན་པར་དགེ་བའི་གྲོགས་པོ་ཞིག་གི་ཐོག་ནས་མཉམ་རུབ་ཀྱི་ཞིབ་འཇུག་པ་ལྟ་བུ་ཞིག་དགོས། དགེ་རྒན་གྱི་ལས་འགན་ནི། ༡། སློབ་མའི་རྒྱུད་ཀྱི་འཇིགས་སྣང་བསལ་ཏེ་སྤྲོ་སྣང་ཅན་དུ་བཟོ་བ་དང་། ༢། སློབ་ཚན་སོ་སོ་གསལ་པོ་ངོ་སྤྲོད་ཐུབ་པ། ༣། དྭོགས་མ་ཆོད་པའི་རིགས་སེལ་ཐབས་ལ་མཐུན་འགྱུར་བྱེད་པ་བཅས་གསུམ་རེད། དེ་བཞིན་དགེ་རྒན་གྱི་ཆ་རྐྱེན་བཅུའི་ནང་ནས་དགེ་སློབ་གཉིས་བར་ལ་བརྩེ་སེམས་ཅན་གྱི་ནང་ཚགས་དགོས་པ་མ་ཟད། མཉམ་རུབ་ཀྱིས་ཤེས་ཡོན་སྦྱོང་བརྡར་ཡག་པོ་ཡོང་ཐབས་བྱེད་དགོས། ཤེས་ཡོན་སྲིད་བྱུས་དེ་ལག་བསྟར་ཡོང་བར་གོང་དུ་ཞུས་པའི་ལྟ་སྟངས་དེ་དག་ཡང་དག་པ་དགོས་རྒྱུ་ཤིན་ཏུ་ནས་གལ་ཆེན་པོ་རེད།དེ་ནས་དགེ་རྒན་དང་ཕ་མ་གཉིས་པོ་འདྲིས་པོ་དགོས་ལ། འཛིན་སྐྱོང་དང་དགེ་རྒན་གཉིས་ཀྱི་བར་དུའང་འགལ་ཟླ་མ་སོང་བར་སེམས་ཐག་ཉེ་པོ་ཞིག་ངེས་པར་དུ་དགོས། མདོར་ན་ཤེས་ཡོན་སྲིད་བྱུས་དེ་ཡང་དག་པ་ལག་བསྟར་དགོས་ཀྱི་ཡོད་ན། ཐོག་མར་འཛིན་སྐྱོང་དང་དགེ་རྒན་གཉིས་ཀྱིས་ཤེས་ཡོན་སྲིད་བྱུས་ཀྱི་གོ་དོན་ཡང་དག་པ་ཞིག་རྟོགས་ཐུབ་དགོས་པ་དང་། གོ་དོན་རྟོགས་པའི་ཐོག་ནས་དེ་ལ་ཡིད་ཆེས་ཡོད་དགོས་ཀྱི་རེད། སྲིད་བྱུས་འདི་ཡང་དག་པ་རེད་འདུག དེ་ངེས་པར་དུ་ལག་ལེན་དུ་བསྟར་དགོས་ཀྱི་འདུག་བསམ་པ་ཞིག་མེད་ན་མ་འགྲིགས་པ་རེད། རང་ལ་ཡིད་ཆེས་མེད་པའི་གནས་སྟངས་ཤིག་ལག་ལེན་དུ་བསྟར་རྒྱུ་ཧ་ཅང་ཁག་པོ་རེད་ཅེས་སོགས་རྒྱས་པར་གསུངས་རྗེས། དྲི་བ་ཁག་ལ་ལན་འདེབས་གནད་སྨིན་བསྩལ།སྐབས་དེར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་དང་། ཤེས་རིག་དྲུང་ཆེ་ཀརྨ་སེངྒེ་ལགས།ཤེས་རིག་ལྷན་ཚོགས་ཀྱི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས།མ་སུ་རི་བུ་ཁྱིམ་གྱི་དྲུང་ཆེ་ཀརྨ་ཆུང་བདག་ལགས་བཅས་དང་། དེ་བཞིན་བོད་ཕྲུག་ཁྱིམ་སྡེ་དང་། སཾ་བྷོ་ཊ།བལ་ཡུལ་གངས་ཅན་བདེ་རྩ་སོགས་ཀྱི་ཤེས་ཡོན་འགན་འཛིན་དང་རྒྱུས་སྟོན་པ། ཤེས་རིག་ལས་ཁུངས་ཀྱི་སློབ་དེབ་རྩོམ་སྒྲིག་པ། གཞན་ཡང་ལས་ཁུངས་གང་ས་ནས་ལས་བྱེད་རྣམས་ཕེབས་འདུག