སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དགུང་གྲངས་ ༧༥ སོན་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས་པ།

ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༥ ཉིན་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སློབ་ཟུར་བའི་གོ་སྒྲིག་འོག་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དགུང་གྲངས་ ༧༥ ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས་ཤིང་། ཞོགས་པའི་ཆུ་ཚོད་ ༧།༣༠ ཐོག་གཙུག་ལག་སློབ་ཁང་གི་དུས་འཁོར་ཐང་ཆེན་དུ་འདུ་འཛོམས་ཀྱིས་བསངས་གསོལ་དང་།

varanasi (5)
ཆུ་ཚོད་ ༡༠།༠༠ ཐོག་དུས་འཁོར་ཐང་དུ་དད་ལྡན་སློབ་ཟུར་རྣམས་དང་། དགེ་སློབ་རྣམས་གཙོས་སེར་སྐྱ་མང་ཚོགས་ ༡༠༠༠ ལྷག་ལ་སྔོན་འགྲོའི་གསུང་ཆོས་དང་སྦྲགས་བློ་སྦྱོང་ཚིགས་བརྒྱད་མའི་བཀའ་ཁྲིད་གནང་བ།
ཕྱི་དྲོ་ཆུ་ཚོད་ ༣།༠༠ ཐོག་གཙུག་ལག་སློབ་ཁང་གི་ཨཏཱིཤ་ཚོམས་ཆེན་དུ་འཁྲུངས་སྐར་སྲུང་བརྩིའི་མཛད་སྒོ་དངོས་གཞི་དབུ་འཛུགས་གནང་ཞིང་། དེའི་ཐོག་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་རིགས་བདག་སློབ་དཔོན་དགེ་བཤེས་ངག་དབང་བསམ་གཏན་མཆོག་དང་། དེ་བཞིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དང་ཡུན་རིང་ཐུགས་འདྲིས་ཆེ་བའི་རྒྱ་གར་གྱི་གྲོགས་པོ་གྲགས་ཅན་ཀྲྀཥྞནཱཐ་གཙོས་སློབ་དཔོན་རྣམས་དང་། བཀའ་ཟུར་སྤྱི་འཐུས་ཐུབ་བསྟན་ལུང་རིགས་མཆོག་དང་ཚོགས་ཟུར་སྤྱི་འཐུས་པདྨ་འབྱུང་གནས་མཆོག་རྣམ་གཉིས་གཙོས་ཝཱ་ཎའི་སློབ་ཟུར་བ། འདི་ག་སློབ་ཁང་གི་དགེ་ལས་སློབ་མ། འདིར་སློབ་སྦྱོང་གནང་བཞིན་པའི་བྷུན་ཏར་དགེ་འོས་སློབ་གྲྭའི་དགེ་ལས་སློབ་མ། དྷ་ས་ནས་ཆེད་བཅར་ཞུས་པའི་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་ཕྱག་མཛོད་གཙོས་སྐུ་ཚབ་རྣམ་པ། ལྷ་སྤྱི་ཚོགས་ཞབས་ཞུ་ཁང་གི་འགན་འཛིན་གཙོས་ཕྱག་རོགས་རྣམ་པ། མང་ཚོགས་བཅས་ཁྱོན་མི་གྲངས་ ༢༠༠༠ ལྷག་འདུ་འཛོམས་བྱུང་འདུག
varanasi (6)ཐོག་མར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་སྣང་གསལ་མར་མེ་ཞལ་དབྱེ་གྲུབ་མཚམས། བཀའ་ཟུར་ཐུབ་བསྟན་ལུང་རིགས་མཆོག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོས་བསྩལ་བའི་གསུང་འཕྲིན་སྒྲོག་སྦྱང་གནང་བའི་ནང་ཕེབས་གསལ། “རང་རེ་བཙན་བྱོལ་དུ་འབྱོར་རྗེས་ན་གཞོན་རྣམས་ལ་ཤེས་ཡོན་སློབ་སྦྱོང་དགོས་གལ་ཛ་དྲག་ཏུ་མཐོང་སྟེ། འདི་ནས་བཀོད་མངགས་བགྱིས་པ་ལྟར། རིན་པོ་ཆེ་ཉིད་ཤེས་ཡོན་སློབ་སྦྱོང་སྡེ་ཚན་ཁག་ཏུ་ལྷག་བསམ་སྙིང་སྟོབས་ཆེན་པོས་རྐང་འགན་བཞེས་པའི་མཛད་རྗེས་ཝཱ་ཎའི་ལོ་རྒྱུས་གླེགས་བམ་ནང་འཁོད་ཡོད་པ་ལྟར་དང། དེ་བཞིན་མང་གཙོའི་ལམ་སྲོལ་དུས་བསྟུན་འཕེལ་རྒྱས་ཆེད་ལམ་དུ་བཀྲི་ཕྱིར་ངོས་ནས་ཐད་བསྐོས་སྤྱི་འཐུས་བསྐོ་བཞག་བགྱིས་པ་དང་ལེན་གྱིས་སྤྱི་འཐུས་སྐབས་བཅུ་གཅིག་པ་ནས་བཟུང། སྐབས་གཉིས་ཀྱི་ཚོགས་གཙོའི་འགན་འཁུར་རིང་ཁྲིམས་སྒྲིག་ཡིག་ཆ་མང་པོ་གཏན་འབེབས་ཀྱིས་ཁྲིམས་ཀྱི་དབང་བསྒྱུར་ཚད་ལྡན་དང། དེ་རྗེས་བཀའ་ཤག་སྐབས་བཅུ་གཉིས་པའིོ་བཀའ་བློན་ཁྲི་པ་བཙན་བྱོལ་བོད་མིའི་མང་ཚོགས་ནས་ཐད་ཀར་འོས་འདེམས་ཀྱིས་མང་མོས་ཐོབ་སྟེ། དེ་ནས་སྐབས་གཉིས་རིང་ཆབ་སྲིད་ཀྱི་འགན་དབང་གང་ཅིར་འཐུས་ཤོར་མེད་པར་མདུན་བསྐྱོད་བྱེད་ཐུབ་པ་བྱུང་ཞིང། མི་ལོ་ལྔ་བཅུ་བརྒལ་བའི་རིང་འདོད་ཆུང་ཆོག་ཤེས་ལྷག་བསམ་རྣམ་དག་ངང་གཉན་འཕྲང་གི་དུས་སྐབས་འདིར་བྱས་རྗེས་ཆེན་པོ་བྱུང་ཡོད་པ་” སོགས་འཁོད་འདུག
varanasi (4)དེ་རྗེས་གྲགས་ཅན་གྱི་སྐུ་མགྲོན་རྣམ་པས་རིན་པོ་ཆེ་མཆོག་གི་འགྲན་ཟླ་བྲལ་བའི་མཁྱེན་དཔྱོད་དང་ལྷག་བསམ། འདོད་ཆུང་ཆོག་ཤེས། ངལ་བ་ཁྱད་བསད་ཀྱིས་ཕྱག་ལས་གནང་མཁན། ཚུལ་ཁྲིམས་ཀྱི་བསླབ་པ་མིག་འབྲས་བཞིན་སྲུང་བའི་འདུལ་འཛིན་ཆེན་པོ། འཛིན་སྐྱོང་ཐོག་གཞན་དྲིང་མི་འཇོག་པ། དྲང་བདེན་ལ་མཐའ་གཅིག་ཏུ་བརྟེན་པ་སོགས་ཀྱི་རྣམ་ཐར་ལྷུག་བརྗོད་གནང་མཚམས། སློབ་དཔོན་མཆོག་ནས་ཝཱ་ཎ་སློབ་ཟུར་བའི་༼དྲན་རྟེན་གླེགས་བམ་༽ཞེས་པ་ཚོན་ལྡན་བརྙན་དེབ་དབུ་འབྱེད་བསྐྱངས་ཤིང་། དེའི་ནང་སློབ་དཔོན་ཟམ་གདོང་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས་ཁག་དང། ཁོང་གིས་གཙུག་ལག་སློབ་གཉེར་ཁང་གོང་འཕེལ་གྱི་ལམ་དུ་ཇི་ལྟར་འཁྲིད་པའི་བྱུང་རིམ་འགྲེལ་བཤད་པར་རིས་དང་བཅས་པ། སློབ་གཉེར་ཁང་ནས་ཐོན་པའི་སློབ་ཟུར་ཁག་གི་ལོ་རྒྱུས་མདོར་བསྡུས་འདྲ་པར་དང་བཅས་ཁྱོན་ཤོག་ངོས ༦༤ འདུག
ཚོགས་ཟུར་པདྨ་འབྱུང་གནས་མཆོག་གིས་སློབ་ཟུར་རྣམས་ཀྱིས་ཕུལ་བའི་མངོན་བསྟོད་ཞུ་ཚིག་སྒྲོགས་སྦྱང་དང་། གཞན་ཡང་བོད་ཕྱི་ནང་གི་མཁས་དབང་དང་རྩོམ་པ་པོ་མང་པོས་བསྐུར་བའི་ཤིས་ཚིག་རྣམས་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་འབུམ་རམས་པ་སྤེན་པ་རྡོ་རྗེ་ལགས་ནས་སྒྲོགས་སྦྱང་གནང་། དེ་ནས་རྒྱུད་སྟོད་གྲྭ་ཚང་ནས་རྟེན་གསུམ་མཚོན་བྱེད་ཞལ་ཐང་དང་ཕྱག་དཔེ་མཆོད་རྟེན། ཕ་སྐད་གཙང་མའི་ཚོགས་པ་ནས་ཚེ་ལྷ་རྣམ་གསུམ་གྱི་ཞལ་ཐང་བཅས་འབུལ་ལམ་ཞུས་རྗེས། གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་མཁས་དབང་བྱམས་པ་བསམ་གཏན་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་མཚམས་མཛད་སྒོ་གྲུབ།
varanasi (3)དགོང་མོའི་ཆུ་ཚོད་ ༦།༣༠ ཐོག་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་རིགས་བདག་སློབ་དཔོན་དགེ་བཤེས་ངག་དབང་བསམ་གཏན་མཆོག་ནས་དྷ་རམ་ས་ལར་རྟེན་གཞི་བྱས་པའི་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་པར་བསྐྲུན་ཞུས་པའི་ “སློབ་དཔོན་ཟམ་གདོང་རིན་པོ་ཆེའི་བཀའ་དྲིན་རྗེས་དྲན་གྱི་མངོན་བསྟོད་གླེགས་བམ་” ཞེས་པའི་དཔེ་དེབ་གཅིག་དང་། སློབ་དཔོན་ཟམ་གདོང་རིན་པོ་ཆེའི་དྲྭ་གནས་ www.samdhongrinpoche.com ཨིན་བོད་གཉིས་ལྡན་ཅན་ཞིག་བཅས་དབུ་འབྱེད་གནང་།
སྐབས་དེར་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་འགན་འཛིན་ངག་དབང་རབ་རྒྱས་ལགས་ནས་མངོན་བསྟོད་གླེགས་བམ་དང་། དམིགས་བསལ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་དྲ་གནས་འདི་འདྲ་ཞིག་གསར་བཟོའི་དགོས་དམིགས་བཅས་ངོ་སྤྲོད་གནང་།
varanasi (2)མཐའ་མར་བོད་དང་། འབྲུག ལ་དྭགས། བལ་ཡུལ། རྒྱ་གར་བཅས་ཀྱི་གཞས་སྣ་འཁྲབ་སྟོན་གཟབ་རྒྱས་གཟིགས་འབུལ་ཞུས།
སྔ་དྲོ་ཚོུད་ ༥།༠༠ ཙམ་ལ་རིན་པོ་མཆོག་གི་འཁྲུངས་སྐར་དང་བསྟུན་ཆུ་བོ་གངྒཱའི་ནང་ཉ་སྟོང་ཚོ་བཞི་ཙམ་ཚེ་ཐར་དང་། སྤྲང་པོ་བཞི་བརྒྱ་ལྷག་ཙམ་ལ་ཟས་སྦྱིན་སོགས་གནང་ཡོད་པ་རེད།